མི་ཚེ།
---ལས་དོན་ཞིག་ལ་སེམས་ཐག་བཅད་པའི་རྗེས་སུ་བྲིས།
རྒྱང་དུ་བཞུར་བའི་མི་ཚེའི་གཏམ་རྒྱུད་དྲན་པ་དམར་པོའི་ཀློང་ལ་བྲིས།།
འཛུམ་གྱིས་བསུས་པའི་སྤྲོ་བ་རྫུན་མ་དྲིན་ཅན་མ་ལོར་སྐྱེས་སུ་ཕུལ།།
སེམས་ཀྱི་སྐྱིད་སྡུག་ལྷ་ལ་བཅོལ་བའི་སྲོལ་རྒྱུན་རིག་ལ་ཡུན་རིང་གོམས།།
ལས་ཀྱིས་བཀོད་བའི་ལམ་ཕྲན་སྟེང་དུ་ཕྱིར་མིག་མེད་པར་རྒྱང་དུ་བཞུད།།
སྤྲིན་གསེབ་ཟླ་བ་ཁེར་འགྲོའི་ལམ་ལ་ལས་དབང་ཞིག་གིས་གོམ་ཁ་བསྒྱུར།།
འཆི་མེད་བུ་མོའི་བརྩེ་བའི་འདང་ལ་ཕྱིར་མིག་ཅིག་གི་རང་དབང་མེད།།
མི་ཚེའི་སྐྱིད་སྡུག་རྐང་ལམ་ཤུལ་ལ་འཕྲིན་པ་ཞིག་གི་སེམས་གསོ་མེད།།
སུ་གང་གིས་འཕྱ་སྨོད་བྱས་ཀྱང་མི་བུ་ཞིག་ལ་ལེ་བདའ་མེད།།
ཨུ་མ་སྒེག་མོས་མྱོས་བུམ་བསྟན་ཡང་ཆགས་པའི་གོ་སྐབས་རྟ་རྔ་ཙམ།།
བདེ་སྟོང་ཆེན་པོས་མཚོན་ཆར་ཕབ་ཀྱང་གཡོ་བའི་ངང་ཚུལ་སྤུ་རྩེ་ཙམ།།
སུ་གང་གིས་ཁ་ཡག་བཤད་ཀྱང་སེམས་པའི་ངོ་བོ་ཕ་བོང་བཞིན།།
ཕྱིར་མིག་འཁྲེང་སེམས་རིང་དུ་དོར་ནས་མི་ཚེའི་གཡོར་གྲུ་རྒྱང་ལ་གཏོང་།།
དྲང་སྲོང་སྟོང་གིས་བདེན་ཚིག་བརྗོད་ཀྱང་ཕན་ཚུན་སེམས་པ་གཡོ་བ་མེད།།
ཚན་རིག་འཕྲུལ་གྱིས་རྫས་ངན་སྦྱོར་རུང་རང་རང་སོ་སོར་གནོད་པ་དབེན།།
རང་བློ་རང་གིས་དབང་ཆེན་བྱས་པས་སུ་དང་གང་གི་ལྟ་ཚུལ་བྲལ།།
ནོར་འཁྲུལ་སྟོང་གིས་རང་སེམས་གཙེས་ཀྱང་གཉེན་ཉེ་ཕ་མར་ལེ་བདའ་མེད།།
མུན་པའི་ཁྲོད་དུ་ལག་སྙོབ་བྱས་པའི་ཚོར་སྣང་རེ་རེ་ཤུགས་ཀྱིས་འཁྲུངས།།
ཕན་པའི་ཕྱོགས་སུ་གོམ་ཁ་བསྒྱུར་ཅེས་ཐ་སྙད་འགའ་རེ་སེམས་སུ་བཏབ།།
སུ་དང་གང་ལ་སྐྱབས་བཅོལ་མེད་ཅེས་བསམ་གཞིག་ཐན་ཐུན་རྒྱང་དུ་བཏང་།།
མཇུག་མཐའི་འབྲས་ལ་སྨིན་པ་ཡོད་ཅེས་མིག་ཟུང་གཉིས་པོ་མུན་ལ་གཏད།།
ཞིམ་མངར་ཟས་ལ་རོ་བཅུད་དབེན་པའི་དཀའ་བ་སྟོང་གི་མནར་གཅོད་ཀྱིས།།
ཡིད་སེམས་འཁྲིགས་པའི་སྐྱོ་བ་ཐན་ཐུན་འགོག་མེད་སྙིང་ནས་རླུང་བཞིན་ལྡང་།།
མི་ཚེའི་དོན་སྙིང་རྡོག་པོའི་ཆེད་དུ་རང་ལུས་སྡུག་ལ་ཡུན་རིང་སྦྱར།།
སུ་དང་གང་གིས་སེམས་གསོ་མེད་པས་མིག་ཆུ་ཤམ་ཤམ་ཐང་ལ་འཐོར།།
ཡུན་རིང་འགྲོགས་པའི་སྙིང་སྡུག་ཅིག་ལ་ཕྱིར་མིག་ཐེངས་གཅིག་དབང་མེད་ཤོར།།
རང་སྡེ་བ་ཡི་ན་ཟླ་འགའ་ཡིས་མི་ཁའི་རླུང་བུ་རྒྱང་དུ་བཏང་།།
ལྷ་དང་བླ་མའི་བཀའ་ཆད་མིན་ཡང་སྔོན་ལས་བཙན་པོའི་ཐུ་འོག་ནས།།
རང་ཚུགས་མཁྲེགས་པོའི་སྟ་རེ་བཟུང་ནས་མི་ཚེའི་ལམ་ནས་རྒྱང་དུ་ཆས།།
རླུང་རྟ་ཡར་འགྲོ་རླུང་གིས་སྤུར་དུས་སྨོན་ལམ་ཚིག་གསུམ་མཁའ་རུ་བསྐུར།།
ལྷ་ལྡན་གྲོང་དུ་མཇལ་བར་འགྲོ་དུས་སྐྱབས་འཇུག་ཚིག་གསུམ་ཤོག་ངོར་བྲིས།།
རང་ཉིད་གཅིག་པུ་ཁེར་རྐྱང་སྡོད་དུས་རེ་འདོད་བདེན་ཚིག་རྒྱང་ལ་བསྐུར།།
དབང་ཆེན་ཞིག་གིས་བཀོད་སྒྲིག་མིན་ཡང་མི་ཚེའི་འདུན་པར་རྫོགས་རྒྱུ་དབེན།།
རྩོམ་ཁུངས། ངེད་དྲ་བ།