འདི་ན་དོན་གྱི་སློབ་གསོ་བ་ཆེན་མོ་ཞིག
____ཁོ་བོའི་སེམས་ནང་གི་བོད་ཀྱི་སློབ་གསོ་བ་ཆེན་མོ་ཆ་པ་ཆོས་ཀྱི་སེང་གེ་ལ།
༡
ཁ་ལྕེ་བདེ་བས་སློབ་གསོ་མི་འོང་ལ།།
སྟོང་གཏམ་བཤད་པས་བསམ་བློ་མི་མཚོན་ཞིང་།།
གང་གིས་བཞག་པའི་མཛད་རྗེས་མཐོ་བ་ན།།
དེ་ནི་དོན་གྱི་སློབ་གསོ་བ་རུ་འགྱུར།།
༢
མི་རབས་ཕྱི་མར་ཕན་པའི་བྱ་བ་དང་།།
ཤེས་རིག་གཞུང་ལ་གཅེས་པའི་ལྷག་བསམ་དང་།།
འགྲོ་ལ་བསམ་པ་དཀར་བའི་བྱམས་སེམས་གསུམ།།
སློབ་གསོ་བ་ཡི་རྩ་བའི་རྒྱུ་རུ་འདོད།།
༣
གང་གིས་བཞག་པའི་མཛད་བརྗེས་གསོན་པོ་སྟེ།།
འཛམ་བུ་གླིང་དང་རྒྱལ་ཁབ་མི་རིགས་ལ།།
རིམས་བཞིན་ཕན་པའི་དོན་དུ་འགྱུར་བ་ལས།།
འཛམ་གླིང་སློབ་གསོ་ཞེས་སོགས་རིམས་བཞིན་ཕྱེ།།
༤
འདི་ན་རིགས་རྩལ་རྫོགས་པའི་དཔའ་བོ་སྟེ།།
བཞག་པའི་བྱས་རྗེས་མཐོ་བའི་སློབ་གསོ་བ།།
མིག་རྒྱང་ཤུན་ཏུ་རིང་བའི་བསམ་བློ་བ།།
ཕྱྭ་པ་ཆོས་ཀྱི་སེང་གེ་ཞེས་སུ་འབོད།།
༥
གང་གི་མཛད་རྗེས་ཤིན་ཏུ་མང་ན་ཡང་།།
གདན་སའི་སློབ་གཉེར་སྲོལ་གཏོད་གནང་བའི་ཚུལ།།
བཅུ་གཉིས་ནང་དུ་མཁས་པ་དག་གིས་བསྡུས།།
སློབ་གཉེར་སྤྱི་ལ་མཁོ་བའི་ལམ་ལུགས་ཤིག།།
༦
པོད་ལྔའི་སློབ་གཉེར་ཐབས་ལམ་གསར་ཏུ་གཏོད༡།།
སློབ་གཉེར་ཐབས་ལ་མཁས་པའི་གསར་གཏོད་ཡིན།།
སློབ་རྩོད་དུས་གཅིག་སྤེལ་བའི་ལམ་སྲོལ་གཏོད༢།།
སྒྲོ་འདོག་ཕྲལ་དུ་གཅོད་པའི་གསར་གཏོད་ཡིན།།
༧
འཁྲིད་མཁན་དགེ་རྒན་སོ་སོའི་ཁྱད་ཆོས་ལ།།
གཞིགས་ཏེ་སློབ་ཁྲིད་ལས་འགན་གཏན་ཁེལ་གནང་།།
ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་༣བཅུག།།
ཁྲིད་ཐབས་མཐོར་འདེག་གནང་བའི་ལམ་ལུགས་ཡིན།།
༨
འཛིན་གྲྭ་མཐོ་དམན་མ་འདྲིས་སོ་སོར་བགོས།།
རང་རང་གཞུང་གི་སློབ་ཡུན་སྐབས་བབས་ཀྱི།།
ལོ་ཚད་གཏན་ཁེལ་གནང་བའི་ལམ་ལུགས་༤གཏོད།།
སློབ་ཚུལ་ལེགས་བཅོས་མཛད་པའི་མཛད་རྗེས་ཡིན།།
༩
ཆོས་ཐོག་སློབ་ཚན་ནང་དོན་གཏན་འབེབས་༥གནང་།།
བྱ་བ་གནད་ལ་ཁེལ་བའི་ལམ་ལུགས་ཡིན།།
འཛིན་གྲྭ་གཏུགས་རེས་བྱས་པའི་ཐབས་ལམ་༦གཏོད།།
རྣམ་དཔྱོད་འགྲན་བསྡུར་བྱེད་པའི་ལམ་ལུགས་ཡིན།།
༡༠
ཆོས་ཐོག་བགྲོ་གླེང་གཙོ་བོ་སློད་ཁྲིད་ཞར།།
ཆོས་མཚམས་སློབ་ཁྲིད་གཙོ་བོ་བགྲོ་གླེང་ཞར།།
སྐབས་འགར་གཉིས་ཀ་གཙོ་བོར་འཛིན་པར་༧གནང་།།
བྱེད་ཐབས་ཤིན་ཏུ་མཁས་པའི་ལམ་ལུགས་ཡིན།།
༡༡
སློབ་གཉེར་ལེགས་གྲས་རྣམས་ནི་རང་མོས་ཀྱིས།།
དགོན་པ་གཞན་དང་གྲྭ་ཚང་གཞན་དག་ལ།།
གྲྭ་སྐོར་དམ་བཅའ་འགྲོ་བའི་ལུགས་སྲོལ་༨གཏོད།།
མཐོང་རྒྱ་ཆེ་དང་ཞིབ་འཇུག་བྱེད་ཆེད་ཡིན།།
༡༢
སློབ་གཉེར་ཚུལ་བཞིན་བྱས་པའི་གང་ཟག་ལ།།
སྦྱངས་འབྲས་ལེགས་ཉེས་གཟུ་བོའི་བློ་ཡིས་དཔྱད།།
མཚན་གནས་ངེས་ཅན་སྤྲོད་པའི་ལམ་སྲོལ་༩གཏོད།།
སློབ་ལ་ཧུར་བརྩོན་བྱེད་པའི་དགོས་པ་ཡོད།།
༡༣
གདུལ་བྱ་དབང་བོ་རབ་འབྲིང་ཐ་གསུམ་ལ།།
གཟིགས་ནས་ཚད་མ་རིག་པའི་སྙིང་བཅུད་རྣམས།།
ཕྱོགས་གཅིག་བསྡུས་པས་བསྡུས་གྲྭའི་གཞུང་ལུགས་ཏེ།།
རིགས་ལམ་ཆུང་འབྲིང་ཆེན་པོ་གསུམ་དུ་ཕྱེས།།
༡༤
དེ་ལྟར་སློབ་སྦྱོང་བྱེད་རྒྱུའི་གཏན་འབེབས་༡༠གནང་།།
རིགས་ལམ་ཤུན་ཏུ་རྒྱས་པའི་དགོས་པ་ཡོད།།
དབང་རྣོན་ཆོས་ཀྱི་རྗེས་འབྲང་དགྱེས་བྱེད་ཡིན།།
ལམ་གྱི་གོལ་ས་གཅོད་པའི་དགོས་པ་ཡོད།།
༡༥
འདི་མེད་གཞུང་ལ་མཁས་པར་རློམ་ན་ཡང་།།
རྡར་ཤ་མ་ཆོད་བམ་བཤད་ཙམ་དུ་ངེས།།
དེང་དུས་མཁས་རློམ་མང་པོའི་གཞུང་ལུགས་ལ།།
རང་ཚིག་སྔ་ཕྱི་འགལ་བའི་ནོང་ལ་ལྟོས།།
༡༦
རྩོད་པའི་ཚེ་ན་ཀུན་སློང་དག་པ་དང་།།
རྩོད་པོས་ཁས་ལེན་མཁན་ལ་གུས་པ་བཅས།།
གཟན་སྐྱུར་འབེབས་ནས་དྷི་གཏོང་བ་དང་།།
སྐབས་བབས་གཞུང་ལས་འཕྲོས་པའི་ཁས་ལེན་འདྲི།།
༡༧
ཐལ་འགྱུར་འཕེན་དང་ཆབས་གཅིག་ཐལ་མོ་རྡེབ།།
ཁྱབ་མཐའ་འགོད་དང་རྒྱུ་མཚན་འདྲི་བ་དང་།།
འཁོར་གསུམ་བསྐོར་དང་ཚ་ཡིས་བགྲོ་འདོགས་བཅད།།
ངེས་པ་གཏིང་ནས་རྙེད་པའི་དགོས་པ་ཡོད།།
༡༨
སློབ་ཁྲིད་ཙམ་ལ་སྐྱབས་སུ་མི་རེ་ཞིང་།།
ཕྱོགས་ཞེན་ཙམ་གྱིས་རིང་ལུགས་མི་འཛིན་པའི།།
དེ་ལྟའི་ལམ་བཟང་ཕུན་ཚོགས་འདི་འདྲ་བ།།
དམ་པ་གང་ཉིད་སོང་བའི་རྗེས་ཤུལ་ཡིན།།
༡༩
དམ་པ་ཁུང་ཙིའི་སློབ་གསོས་མི་མཚོན་ལ།།
མཁས་པ་མེང་ཙིས་བསམ་བློས་མ་དཔོག་པའི།།
འཛམ་གླིང་ཟིལ་གྱིས་གནོན་པའི་སློབ་གསོ་བ།།
༧ཆོས་ཀྱི་སེང་གེ་གང་དེ་ཕྱག་གི་ཡུལ།།
༢༠
དེ་ལྟ་ན་ཡང་མི་རིགས་གཞན་པ་ཡིས།།
རང་གི་སློབ་གསོ་བ་དེ་ཤིན་ཏུ་བསྟོད།།
བོད་འདིར་ཕྲག་དོག་ཆེ་དང་ཨ་གསར་གྱིས།།
རང་རིགས་སློབ་གསོ་བ་དེ་མནན་ཞིང་རྦས།།
༢༡
གདན་ས་ཁག་ཏུ་གང་གི་མཛད་རྗེས་སྐྱང་།།
རྒྱལ་ཁབ་ཕྱི་ནང་ཀུན་ཏུ་མཚན་སྙན་མཐོ།།
སློབ་གཉེར་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ།།
དོན་གྱི་སློབ་གསོ་བ་དེ་སྙིང་ནས་དྲན།།
༢༢
སྟག་རྩེའི་ལ་མོ་གང་གི་འཁྲུངས་ཡུལ་ཡིན།།
རབ་བྱུང་གཉིས་པ་གང་ཉིད་༡༡༠༩འཁྲུངས་དུས་ཡིན།།
སེང་ཆེན་བརྒྱད་སོགས་ཁོང་གི་དངོས་སློབ་ཡིན།།
གསུང་རྩོམ་བསྟན་བཅོས་འགྲེལ་སོགས་ཤིན་ཏུ་མང་།།
༢༣
གང་གི་མཛད་རྗེས་བློ་ཡི་མི་དཔོག་ཀྱང་།།
བསྟོད་དང་རྗེས་སུ་དྲན་པའི་གཟུགས་བརྙན་ཙམ།།
བཀའ་དྲིན་བཟོ་ཕྱིར་དང་བའི་སེམས་ཀྱིས་སྤེལ།།
འཁྲུལ་བ་གང་མཆིས་མཁས་རྣམས་བཟོད་གསོལ་ཞུ།།
རྩོམ་ཁུངས། ངེད་དྲ་བ།