མིག་ཆུ་ལས་འཚོལ་བའི་ཨ་མ།
༡
རི་རྒྱུད་གངས་ཀྱིས་བཟུང་བའི་འཁྱག་རོམ་གྱི་དགུན་ཁར།།
རྟ་ནོར་ལུག་གི་མཐའ་ན་ཕྲེང་བ་རེ་བཟུང་སྟེ།།
མི་ཚེའི་བདེ་སྡུག་མ་ཎིའི་འཁོར་ལོ་ལ་བཅོལ་བའི།།
བདག་གི་དྲིན་ཆེན་མ་ལོ་མིག་ཆུ་ལས་འཚོལ་ཡོད།།
༢
དགོ་དགོ་ཐུལ་དཀར་འབྲི་མོའི་ནུ་མ་ལ་འཇུས་ནས།།
འབའ་འབའ་ལུ་གུ་དཀར་ཆུང་གཉོར་སྐྱོང་རེ་བྱས་ཏེ།།
མར་དང་འོ་སྤྲི་མངར་མོས་བུ་ཕྲུག་དག་གསོ་བའི།།
བདག་གི་དྲིན་ཆེན་མ་ལོ་མིག་ཆུ་ལས་འཚོལ་ཡོད།།
༣
གོམ་ཁ་རི་ལ་བསྐྱུར་ནས་ལྷམ་མཐེལ་དེ་ཟད་འདུག།
ལྭ་བ་རླུང་ལ་བསྐྱོད་དེ་དར་ལྕོག་བཞིན་ཟད་འདུག།
མཛེས་བའི་འཛུམ་ཞལ་ཉི་མའི་ཚ་ཟེར་གྱིས་བསྲེགས་པའི།།
བདག་གི་དྲིན་ཆེན་མ་ལོ་མིག་ཆུ་ལས་འཚོལ་ཡོད།།
༤
གདོང་ལ་མཚེའུའི་གཉེར་མ་ཤར་ཤར་དུ་བབས་ཡོད།།
དབུ་ཡི་བལ་དཀར་སྐྲ་ལོར་སེམས་སྡུག་གི་ཤུལ་ཡོད།།
ཁ་ཡི་དུང་དཀར་ཚེམས་ཕྲེང་ཐར་ཐོར་དུ་འདུག་པའི།།
བདག་གི་དྲིན་ཆེན་མ་ལོ་མིག་ཆུ་ལས་འཚོལ་ཡོད།།
༥
འཕྱོར་ལྭ་རྒྱན་སྤྲས་མ་དེ་བུ་མོ་ལ་བསྐོང་ཅིང་།།
ཞིམ་མངར་བཅུད་ལྡན་ཟས་དེ་བུ་ཆུང་ལ་སྦྱིན་པས།།
བུ་དང་བུ་མོ་སེམས་ཀྱི་ཕྱེད་ཀ་རུ་སྒོམ་པའི།།
བདག་གི་དྲིན་ཆེན་མ་ལོ་མིག་ཆུ་ལས་འཚོལ་ཡོད།།
༢༠༡༢ལོའི་ཟླ་༦པའི་ཚེ་༨ཉིན།
རང་ཁྱིམ་ནས།
རྩོམ་ཁུངས། ངེད་དྲ་བ།