ཀ་རྩོམ་གང་བསམ་དེ་བྲིས།
ཀ་ར་སྦི་རག་གནས་སྐབས་ཞིམ་རུང་ཡུན་རིང་སྤྱོད་པའི་ཟས་མ་རེད། །
ཁ་འཇམ་གཏིང་ནག་ཧོབ་དེ་མཛེས་ཀྱང་མི་ཚེ་འཁྱོལ་བའི་མི་མ་རེད། །
ག་ས་གང་དུ་བརྩེ་བ་སྤྱད་དེ་ལྷད་མེད་སེམས་པ་བསླུ་མི་ཁྱོད། །
ང་ཡིས་བལྟས་ན་དམྱལ་བའི་ཁམས་སུ་ལན་གསུམ་སྐྱེས་ཀྱང་ཐལ་མི་ཆེ། །
ཅ་ཅོའི་གཏམ་དེས་དུས་ཚོད་བསྐྱལ་ན་གྲུབ་འབྲས་ཐོབ་པའི་དུས་མི་ཤར། །
ཆ་ལུགས་ཀུན་མཐུན་མིག་ན་མཛེས་ཀྱང་རིག་གནས་མེད་ན་དོན་ཆེན་བརླགས། །
ཇ་ཆང་ལོངས་སྤྱོད་ཀུན་གྱིས་འདོད་ཀྱང་བདེ་བའི་རྒྱབ་ན་སྡུག་བསྔལ་ཞིག །
ཉ་མོ་གསེར་མིག་ཟས་ལ་ཞེན་པས་གཅེས་པའི་རང་སྲོག་ཤོར་ལ་ལྟོས། །
ཏ་མ་ལ་དེ་མཁའ་ན་མཛེས་ཀྱང་སྐྱི་བསེར་རླུང་པོས་མྱུར་བར་གཏོར། །
ཐ་མལ་སྤྱོད་པ་འཕྲལ་དུ་ལྷོངས་ཀྱང་ངན་པའི་འབྲས་བུ་ལམ་སེང་སྨིན། །
ད་ཆ་ཤ་རྒྱས་ཁྲག་དར་དུས་འདིར་ཀུན་ཕན་དོན་ཞིག་མ་གྲུབ་ན། །
ན་སོ་ནུབ་ཁའི་ཉི་བཞིན་བཞུད་དུས་འགྱོད་པ་རི་ལས་ལྕི་བ་མཐོང་། །
པ་ཏྲའི་རིས་ལྟར་གྲོང་ཁྱེར་མཛེས་ཀྱང་ལང་འཚོ་ཟིང་ནང་མ་བསྐྱལ་བར། །
ཕ་མ་དྲིན་ཅན་སྙིང་ནས་བཅངས་ཏེ་དྲིན་ལན་གསོལ་ན་ཡ་རབས་ཡིན། །
བ་གླང་བཞིན་དུ་གང་ཡང་མ་བསམ་ཉིན་མོ་འཁྱོལ་བར་བརྩོན་པས་ན། །
མ་རབས་སྤྱོད་པ་རྒྱུ་ལས་བྱས་པའི་འབྲས་བུ་སྨིན་དུས་འགྱོད་པ་མང་། །
རྩ་བ་རིན་ཆེན་དུག་ལ་གནས་པས་སྐྱེས་པའི་འབྲས་བུ་སྔར་བཞིན་དུག །
ཚ་གྲང་ཀུན་གཟོད་དཀའ་ངལ་སྤྱད་ཀྱང་རང་དོན་གྲུབ་པས་རང་སྡུག་ཡིན། །
ཛ་ཏི་ཞེས་པ་བྲོ་བ་ཁ་ཡང་རང་ལུས་གསོ་བར་ཕན་པ་བཞིན། །
ཝ་ལེར་གཞན་ཕན་སེམས་སུ་བཞག་ན་རང་གཞན་ཀུན་ལ་ཕན་པ་ཆེ། །
ཞྭ་མོ་ཟུར་གྱོན་གོམ་པ་ལིང་ལིང་འཕྲལ་གྱི་ལང་འཚོ་ངོམ་ངོམ་བྱེད། །
ཟ་རྒྱུ་འཐུང་རྒྱུ་རི་ལས་ཆེ་ལ་ཆུ་ལས་མང་ཡང་འདོད་མ་ཁེངས། །
འ་ཅག་ངོ་མ་འདོད་པས་བཟི་ནས་དྭངས་བའི་དུས་ཞིག་ཡོད་མ་འགྱུར། །
ཡ་མཚན་ཆེ་ལ་བཟི་ནས་ཡོད་ཀྱང་ད་དུང་གཞན་ལ་དྲང་གཏམ་ཤོད། །
ར་བ་གངས་རིས་ཡོངས་སུ་བསྐོར་བའི་ཡུལ་འདི་མཛེས་ཞེས་སྨྲས་ན་ཡང་། །
ལ་ལུང་གང་སར་མཛེས་པ་མ་རྙེད་ཨ་ཐང་ཆད་པའི་སེམས་འདི་ངལ། །
ཤ་ཟ་ཁྲག་འཐུང་སྙིང་རྗེ་བྲལ་བ་ཆོས་ལྡན་ཞིང་དུ་འོས་མ་ཡིན། །
ས་ཆ་མཛེས་པོར་རྒྱས་སྤྲོས་ནག་ནོག་ཤིན་ཏུ་མི་འཚམས་སྤུན་ཟླ་ཚོ། །
ཧ་ཅང་དྲང་ལ་སེམས་ནས་བརྡོལ་བའི་སྙིང་གཏམ་གང་བསམ་དེ་བྲིས་འདི། །
ཨ་ཙི་སྙན་པོ་དེ་ཙམ་མེད་ཀྱང་གུས་པའི་སྙིང་གཏམ་དྲོན་མི་ཡིན། །
རྩོམ་ཁུངས། ངེད་དྲ་བ།