སྡོང་ལོ་དང་ཡ་ཆུང་།
ཤར་གྱི་རི་ལས་རླུང་ཞིག་གཡུགས་བྱུང་ང་ཡི་མདུན།།
ནུབ་ཀྱི་ཉག་གར་མཚམས་སྤྲིན་ལྡིང་བྱུང་སེམས་ཀྱི་གླིང་།།
སྤྲོ་བ་ཞིག་དང་གདུང་བ་ཞིག་གིས་བསྣན་པའི་མོད།།
འདི་ནི་ཅི་ཞིག་གན་ཡང་ཅི་རེད་སོམ་ཉིར་ཚུད།།
ཞོགས་པར་མལ་ལས་ལངས་པ་མི་མོས་ཤིང་།།
མཚན་མོར་ཟླ་བར་བལྟ་བ་མི་དགའ་བ།།
སྒྱུ་ལུག་ལེ་ལོ་བག་ཕེབས་མི་ཕོ་བདག།
དགའ་སྐྱོ་ཆགས་སྡང་ཀློང་ནས་ལང་ཚོ་ཟད།།
ཉིན་མོར་དཀར་ལ་ཉི་མ་ཚ་བས་རྡུངས།།
མཚན་མོར་ཉིད་ལ་མུན་པ་སྟུག་པོས་གཅར།།
གཅར་རྡུང་མནར་གཅོད་མྱོང་བའི་ཡ་ཆུང་འདིའི།།
མཛེས་མར་ཆགས་པའི་འདུན་མ་གཏིང་ནས་བཅོམས།།
སྡོང་ལོ་རེ་ཟུང་རླུང་གིས་བསྐྱོད་བཞིན་ཕྱི་མའི་ཡུལ།།
འཁོར་བར་བདེ་མོ་ང་ཡང་བསྐྱུར་ཏེ་འགྲིམས་ནས་ཐལ།།
ཞེན་ཆགས་དཀྱིལ་གྱི་ཁེར་རྐྱང་བུ་ལ་ཅི་ཡང་མེད།།
དྲིན་ཆེན་ཕ་མར་ཁ་བརྡའི་བློ་ཡང་མེད་ནས་ཐལ།།
ཁྱོད་ཀྱི་དགོད་སྒྲ་ཐོས་ཚེ་སེམས་པ་བརླན།།
ཁྱོད་ཀྱིས་ངུ་ངག་འཐེན་དུས་ཡ་ཆུང་འཁྱགས།།
སྡོང་ལོ་འགའ་ཡིས་སེམས་པར་གླན་ནས་བསྡད།།
གྲོགས་མེད་ཁེར་རྐྱང་བུ་ལ་བསྡོངས་གྲོགས་མཛོད།།
རྟ་ཕོ་ཆུ་འཐུང་གཡང་དཀར་ལུག་ཁྱུ་རེ།།
དྲན་དུས་འགྱོད་ལ་མེད་དུས་ཡ་ཆུང་གིས།།
གློ་བུར་རྩྭ་ཐང་བྲིས་ཤིང་རྫ་མགོ་མཐོང་།།
འཛེགས་པའི་བློ་ཡང་རྦ་རླབས་བཞིན་དུ་འཕྱུར།།
རྒས་ཤིང་འཁོགས་ལ་སྐམ་ཅིང་རིད་པའི་སྡོང་།།
ལོ་མར་གླན་པའི་སེམས་པ་འདི་ཉིད་གས།།
སྲུབས་ཀ་འདི་ལས་མིག་ཆུའི་ཆབ་རྒྱུན་བསྐྱངས།།
མ་སྐྱོ་མ་སྡུག་སྙིང་སྟོབས་བསྩལ་བར་སྨོན།།
གླུ་ངག་སྙན་མོར་མཉན་ནས་ཡ་ཆུང་གངས།།
ཁ་བའི་ལྗོངས་ལ་ཁ་བཏགས་འཐེན་ཞིང་བདོག།
སྡོང་ལོ་སེར་པོ་སྟེང་གི་བརྙན་རིས་སུ།།
ང་ཡི་ལང་ཚོའི་མེ་ཏོག་དཔར་ཡོད་འདྲ།།
རྩོམ་ཁུངས། ངེད་དྲ་བ།