བདག་ལ་བསྐོས་པའི་ལས་དབང་།
སྤྲིན་དཀར་སེམས་ཀྱི་འཇའ་འོད་གུར་ཁང་ནས།།
བདག་གི་འཇིག་རྟེན་མེས་པོ་ཚུར་གསོན་དང་།།
ཁྱེད་ཀྱིས་བདག་ལ་གནང་བའི་ལས་སྐལ་འདི།།
སྐྱིད་གསུམ་སྡུག་གསུམ་གང་ཡིན་ཆ་མ་འཚལ།།
སྐབས་འགར་དགའ་བའི་མེ་ཏོག་བཞིན་ན་འཛུམ།།
རེ་འགའ་སྐྱོ་བའི་མིག་ཆུས་བྲང་གཞུང་བརླན།།
དགའ་སྐྱོ་འདྲེས་མའི་མི་ཚེའི་འཕྲང་ལམ་དེར།།
ཇི་ཙམ་ཕྱིན་ཀྱང་སླེབས་པའི་མཐའ་མ་མཆིས།།
མདུན་ན་མཐོང་བ་མཐའ་ཡས་རྒྱ་མཚོའི་རླབས།།
རྒྱབ་ན་ལུས་པ་རི་འཕྲང་སྟོང་ཕྲག་འགའ།།
དེ་ཡི་བར་ན་སུ་དང་གང་གིས་ཀྱང་།།
སྣང་བ་མེད་པའི་ཉམ་ཆུང་ཚེ་སྲོག་གཅིག།
འདོད་ཡོན་སྒྱུ་མའི་ལོངས་སྤྱོད་མེད་ན་ཡང་།།
ཆོས་བརྒྱད་གཏམ་གྱི་ཡོལ་བ་དང་བྲལ་བ།།
རང་སེམས་སྒྲིབ་མེད་རང་གིས་མཐོང་བ་ཡི།།
ཡུལ་མཆོག་དེ་རུ་འགྲོ་བའི་ལམ་སྣེ་མཛོད།།
གླིང་འདིར་བདེན་པའི་དབུ་འཕང་ས་ལ་ལྷུང་།།
རྫུན་དང་འུད་སྒྲོག་གཏམ་གྱིས་རི་ཀླུང་འགུལ།།
ཁྲེལ་དང་ངོ་ཚ་འཕྱོན་མའི་གཟུགས་རིས་ཅན།།
འཇིག་རྟེན་མུན་པར་འགྲོ་བའི་སྔ་ལྟས་འཆར།།
དྲིན་ཆེན་མི་ལ་ངན་པའི་ཐ་ཚིག་སྨྲས།།
ཆ་རྒྱུད་མེད་པར་སྙིང་གི་རུས་པ་སྦྱིན།།
རྒྱུ་མཚན་ལྡན་པའི་གཏམ་ལ་བཞད་གད་བྱེད།།
གཏམ་འཆལ་ཁ་ཕོ་སྒྲོག་ཚེ་བདེན་དུ་འཛིན།།
འདི་ན་སྲོག་གིས་སྤྱི་དོན་འཁུར་དུ་བླངས།།
ཕ་གིར་སྤྱི་ཁ་འཕྱར་ཏེ་རང་དོན་གཉེར།།
བདེན་སྐྱོང་དཔའ་བོའི་རྣམ་ཤེས་རྒྱང་དུ་བཞུད།།
འདི་ན་ལུས་པ་བདག་མེད་རྡོ་རིང་ཞིག།
ཁྲིམས་གཙང་བཙུན་པ་དགའ་ལྡན་གནས་སུ་གཤེགས།།
དམ་གཙང་སྔགས་པ་ཨོ་རྒྱན་ཡུལ་དུ་ཕེབས།།
སེམས་དང་མགོ་བོ་དཀར་བའི་ཡབ་མེས་ཚོ།།
གཅིག་མཇུག་གཉིས་མཐུད་གྲུ་འཛིན་ཞིང་དུ་བསྐྱོད།།
གནའ་དུས་བཟང་ཡང་སྟོང་པའི་མཁའ་ལ་ཡལ།།
ད་དུས་ངན་ཡང་ལས་ཀྱི་བསྐོས་ཐང་རེད།།
རང་གི་ཐོད་དུ་གསལ་བའི་ལས་དབང་འདིས།།
མ་གཏང་བར་དུ་བདག་ནི་འདི་རུ་བཅིངས།།
རྩོམ་ཁུངས། ངེད་དྲ་བ།