བདེན་པ་བརྡར་ལུགས།
མདང་དགོང་གི་རྨི་ལམ་ཐུང་ཐུང་།།
བར་སྣང་གི་གཤོག་བྱ་འཕུར་འཕུར།།
དེ་རིང་གི་ཚོར་བ་རྡོག་རྡོག།
ཁ་སང་གི་དགའ་མ་དྲན་དྲན།།
འཇིག་རྟེན་འདི་སྐད་ཅིག་སྐད་ཅིག།
བདེ་སྐྱིད་འདི་བག་ཙམ་བག་ཙམ།།
སྙིང་སྡུག་འདི་ནམ་ཟླ་འགྱུར་འགྱུར།།
གསང་བ་འདི་བྱེ་རླུང་གཡུགས་གཡུགས།།
ཆུང་འདྲིས་འདི་ཡིད་ལ་དྲན་དྲན།།
སེམས་གཏིང་ནས་བསུབ་རྒྱུ་ཁག་ཁག།
ལྷ་མོ་འདིས་སེམས་པ་འཕྲུལ་འཕྲུལ།།
ད་བར་དུ་རིག་རྒྱུ་ཉུང་ཉུང་།།
ཕུགས་བསམ་འདི་མེ་ལྕེ་འབར་འབར།།
རྒྱལ་ཁ་འདི་རོལ་མོ་དཀྲོལ་དཀྲོལ།།
མི་ཚེ་འདི་ཤ་ལེབ་འཐག་འཐག།
རང་བྱུང་འདི་རས་ལྷམ་ཐེད་ཐེད།།
ཕ་མ་འདིས་ང་རང་གཅེས་གཅེས།།
ཚེ་ཐོག་འདིར་ཐོབ་རྒྱུ་དཀའ་དཀའ།།
ཕུ་ནུ་ཚོ་ང་ལ་དུང་དུང་།།
བསྐལ་བའི་བར་བཙལ་རྒྱུ་མེད་མེད།།
བྱམས་པ་འདི་རླུང་གི་རྒྱུ་ཕྱོགས།།
བརྩེ་དུང་འདི་གྱང་ཁའི་འཇག་མ།།
མི་སེམས་འདི་ཆུ་ཁོལ་གདུ་མ།།
ཆུང་འདྲིས་ཁྱོད་ལྷམ་ཚང་བརྗེ་བརྗེ།།
རྩོམ་ཁུངས། ངེད་དྲ་བ།