༄༅། །《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཚིགས་བཅད་དུ་མདོར་བསྡུས་པར་བྱས་པ་བཞུགས་སོ། །

སྦྱིན་པ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-19

 ༄༅།།སྔོན་དུས་རྒྱ་གར་འཕགས་ཡུལ་བྱང་ཕྱོགས་སུ། །ཀུན་དགའི་ཚལ་ཞེས་བྱ་བའི་ཡུལ་ཁམས་ན། །ཡུལ་བཀོད་ཕུན་སུམ་ཚོགས་ཤིང་ཕྱོགས་མཚམས་ཀུན། །སྐྱེད་མོས་ཚལ་གྱིས་ཡིད་བརྟན་འཕྲོད་བྱེད་པ། །འདོད་ཡོན་རྩེ་དགའི་ལོངས་སྤྱོད་ཀུན་རྫོགས་པའི། །སྲིད་པའི་རྒྱན་ཞེས་གྲགས་དཀར་རྒྱས་པ་དེར། །ཆོས་སྤྱོད་རྒྱལ་པོ་ཉི་མའི་བློ་གྲོས་ཞེས། །སློང་པོའི་གདུང་བ་སེལ་བའི་མི་བདག་བྱུང་། །དེ་ཡི་བཀའ་ལ་གཏོགས་པའི་བློན་པོ་ལ། །བློ་གྲོས་ནོར་དང་ལྡན་པ་འདི་ལྟ་སྟེ། །ཤེས་བྱ་ལྡན་དང་རིག་པའི་དབང་ཕྱུག་དང་། །མཚུངས་མེད་བློ་གྲོས་ལྡན་དང་དེ་བཞིན་དུ། །བློ་གྲོས་མཆོག་ཏུ་གསལ་བ་ཞེས་པ་བཞི། །དཔའ་མཛངས་སྙིང་སྟོབས་ལྡན་པ་འདི་ལྟ་སྟེ། །དཔའ་བའི་དབང་དང་འཇིགས་མེད་དཔུང་འཇོམས་དང་། །བློན་པོ་འབུམ་ཕྲག་དོ་ཟླ་གཅིག་པ་དང་། །འཇིགས་མེད་བརྟུལ་ཞུགས་ལྡན་ཞེས་བློན་པོ་བཞི། །སྙིང་སྟོབས་བློ་གྲོས་འཇུག་པ་དམན་ཀྱང་ནི། །ལས་ཤུགས་བློན་པོའི་གོ་སར་འགྱིང་བ་ལ། །འབངས་ཁོལ་པད་མའི་སྨྱུ་གུ་གཉིས་ཡོད་ཅིང་། །རྒྱལ་པོའི་བཙུན་མོར་རྣ་ཆ་འཛིན་ཞེས་བྱ། །རྒྱལ་རིགས་ལས་བྱུང་མཛེས་ཤིང་ལྟ་ན་སྡུག །འོན་ཀྱང་དུས་ཡུན་རིང་པོ་ཞིག་གི་བར། །རིགས་ཀྱི་སྨྱུ་གུ་ལྡན་པར་མ་གྱུར་པས། །རྒྱལ་བློན་རྨོངས་ཤིང་ཡིད་ཆད་རྣམ་འགྱུར་བྱུང་། །ནམ་ཞིག་རྒྱལ་པོས་མདུན་སར་བློན་པོ་རྣམས། །འཁོར་དུ་བཅུག་སྟེ་གྲོས་ལ་བསྐུལ་བ་ན། །བློ་གྲོས་ཅན་གྱི་བློན་པོ་རྣམས་ཀྱིས་ནི། །རིགས་སྲས་འབྱུང་ལ་གནས་དྲུག་ཚོགས་དགོས་ཤིང་། །དེ་ཡང་གཏན་མེད་མཆོད་སྦྱིན་བརྩོན་འོས་གླེང་། །དཔལ་རྟུལ་ལྡན་པ་རྣམས་ནི་རྒྱལ་རིགས་གཞན། །རྣམས་ཀྱི་བཙུན་མོའམ་བུ་མོ་མཚར་སྡུག་ཅིག །ལུགས་བཞིན་འགུགས་པའམ་དཔུང་ཤེད་ཀྱིས་ཕྲོགས་ཏེ། །བཙུན་མོར་དབང་བསྐུར་རིགས་སྲས་ལྡན་ཞེས་གླེང་། །སྐབས་དེར་བློ་གྲོས་མཆོག་ཏུ་གསལ་བ་ཡིས། །གཞན་གྱི་དགའ་མ་བཙུན་མོར་བསྟེན་བྱས་ཀྱང་། །རེ་འབྲས་དོན་ལྡན་སྲིད་ཀྱང་རྣ་ཆ་འཛིན། །ཡིད་ཆད་གདུང་བས་མནར་བར་མི་འགྱུར་རམ། །དེ་བས་ཐོག་མར་མཆོད་སྦྱིན་ལྷུར་བླངས་ཏེ། །སྨོན་འདུན་དྲག་པོས་མཚམས་སྦྱར་གནང་པ་ན། །རེ་བ་དོན་ལྡན་འགྱུར་ངེས་དེ་ལྟར་བྱ། །གལ་ཏེ་རེ་འབྲས་དོན་སྨིན་མ་བྱུང་ཚེ། །ཐབས་གཞན་ཉམས་སུ་ལེན་པར་བྱ་ཞེས་སྨྲས། །རྒྱལ་བློན་མཐའ་དག་བཞེད་དགོངས་དེར་མཐུན་ཏེ། །དགེ་སྦྱོང་བྲམ་ཟེ་དྲང་སྲོང་ལ་སོགས་པར། །བཀུར་སྟི་རིམ་གྲོས་བསྙེན་ཅིང་ལྷ་ལ་གསོལ། །སློང་རྣམས་ཟས་ནོར་སྦྱིན་པས་ཚིམ་པར་བྱས། །གཏན་མེད་མཆོད་སྦྱིན་ཟད་མི་ཤེས་པ་ཞིག །རྩེ་གཅིག་གསོལ་སྨོན་བགྱིས་པས་མི་རིང་བར། །རྣ་ཆ་འཛིན་མར་ལུས་ནི་སྦྲུམ་པར་གྱུར། །བདེ་བླག་ངང་དུ་རིགས་སྲས་བལྟམས་པར་གྱུར། །སྲས་དེ་སྐྱེས་མ་ཐག་ནས་དཔའ་ཞིང་བརྟུལ། །དྲན་པ་བརྙེས་ཤིང་མཚན་བཟང་སྐྱེ་མཆེད་ཚང་། །རིགས་གཟུགས་ལ་སོགས་མཐོ་རིས་ཡོན་ཏན་བདུན། །དགེ་མཚན་གསལ་ཞིང་མཐོང་ན་མི་མཐུན་མེད། །བསོད་ནམས་མངོན་པར་མཐོ་བ་ཞིག་བྱུང་བས། །རྒྱལ་བློན་སྤྲོ་བ་རྒྱས་ཤིང་བཙས་སྟོན་ཀྱང་། །ཞག་བདུན་བྱས་ནས་མཚན་མཁན་བྲམ་ཟེ་ལ། །བསྟན་པས་ངོ་མཚར་གྱུར་ནས་གཞོན་ནུ་འདི། །འཇིག་རྟེན་འདི་ན་འགྲན་ཟླ་མེད་དོ་ཞེས། །བསྔགས་པས་གཞོན་ནུ་ཟླ་མེད་མིང་བཏགས་སོ། །དེ་ནས་མ་མ་བརྒྱད་ཀྱིས་བསྐྱངས་པས་ན། །མཆོར་སྒེག་ལང་ཚོའི་མེ་ཏོག་རབ་འབར་ཞིང་། །ནར་སོན་པ་ན་མདུན་ན་འདོན་རྣམས་ནི། །རྗེ་བོར་བློ་སེམས་གཅིག་ཏུ་དཀར་ནའང་། །སོ་སོར་བློ་གྲོས་འཆར་ཚུལ་མི་མཐུན་པས། །རང་རང་འདོད་པ་ཐ་དད་གླེང་བར་བྱེད། །ཤེས་བྱ་ལྡན་དང་རིག་པའི་དབང་ཕྱུག་དང་། །བློན་པོ་མཚུངས་མེད་བློ་ལྡན་གསུམ་པོ་ཡིས། །འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་བའི། །འཁོར་བ་འདི་ལ་སྙིང་པོ་མེད་པས་ན། །ཐོས་བསམ་སྒོམ་གསུམ་ལ་ཞུགས་བརྩོན་བསྟེན་ནས། །ཀུན་ཕན་དམ་པའི་རྣམ་ཐར་སྐྱོང་བར་རིགས། །ཞེས་སོགས་འཁོར་བར་ཡིད་བརྟན་མི་རུང་བར། །དམ་ཆོས་ཁོ་ནར་བསྐུལ་བའི་གཏམ་དེ་དག །གླེང་སྐབས་བློ་གྲོས་མཆོག་ཏུ་གསལ་བ་ཡིས། །སྔོན་གྱི་ཐ་ཚིག་དྲན་ནས་མ་རངས་པར། །དེ་སླད་དང་པོ་ཡབ་གཅིག་རྒྱལ་སྲིད་ཀྱི། །ཅོད་པན་གཞོན་ནུའི་དབུ་ལ་ཉེར་བླངས་ཏེ། །ཆོས་ལྡན་བྱ་བས་འཁོར་འབངས་སྐྱོང་བ་དང་། །གང་གི་རིགས་རྒྱུད་མུ་ཏིག་འཁྲི་ཤིང་གི །སྨྱུ་གུར་ལྡན་པ་དེ་སྲིད་སྲིད་བསྐྱངས་ནས། །སླན་ཆད་འཁོར་བའི་ཕུན་ཚོགས་དུག་སྦྲུལ་གྱི། །ཚང་ལྟར་གཟིགས་ནས་ཞི་བའི་ནགས་ནང་དུ། །རང་གཞན་དོན་གཉིས་སྒྲུབ་ལ་བརྩོན་པ་གཅེས། །བརྗོད་པས་གཞན་རྣམས་ལེན་སྨྲ་དང་བྲལ་ཏེ། །རྒྱལ་བློན་དེ་ལྟར་བློ་གྲོས་མཐུན་པར་གྱུར། །གཞོན་ནུ་བལྟམས་པ་དུས་མཚུངས་གླང་པོ་དང་། །རྟ་མཆོག་མ་ཧེ་བློན་པོའི་རིགས་རྣམས་ལ། །བུ་མང་བཙས་པའི་མཆོག་ནི་འདི་དག་སྟེ། །ས་སྲུང་དབང་ཕྱུག་མཁའ་ལྡིང་མགྱོགས་འགྲོ་དང་། །ཁྱུ་མཆོག་དབང་པོ་སྲིད་པ་གཞོན་ནུ་བཅས། །བྱུང་བས་སྐྱེ་བོ་ཐམས་ཅད་དགའ་བས་ན། །གཞོན་ནུ་ཟླ་མེད་ཐོས་དགའ་མིང་དུ་ཆགས། །དེ་ནས་ལང་ཚོ་བློ་གྲོས་རིམ་གྱིས་འཕེལ། །རིག་གནས་ཀུན་ལ་འཇུག་པའི་སྤྲོ་བ་བཏེགས། །སློབ་དཔོན་མཁས་པ་བསྟེན་པས་རིག་པའི་གནས། །གནས་ཆེན་བཅོ་བརྒྱད་སོགས་ལ་བློ་གྲོས་རྒྱས། །སྒྱུ་རྩལ་རྒྱ་མཚོར་གཞན་དྲིང་མི་འཇོག་པའི། །སྦྱངས་འབྲས་ཕུལ་ཏུ་ཕྱིན་པར་གྱུར་ནས་ནི། །གྲགས་སྙན་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་མཛེས། །ནམ་ཞིག་ཡབ་རྒྱལ་ཉི་མའི་བློ་གྲོས་ཀྱིས། །བློན་པོ་རྣམས་ལ་གཞོན་ནུ་ཟླ་མེད་འདི། །ལང་ཚོ་དར་ལ་བབས་ཤིང་ན་ཚོད་སྨིན། །རིག་གནས་ཀུན་ལ་བློ་གྲོས་འཇུག་པ་རྒྱས། །སྒྱུ་རྩལ་མཐའ་དག་རིགས་ལ་བྱང་བར་གྱུར། །ཆབ་འབངས་ཞི་བདེའི་དགའ་སྟོན་ལ་སྤྱོད་ཅིང་། །རིས་མེད་སྐྱེ་འགྲོ་མཆོད་སྦྱིན་ཚིམ་བྱེད་ལ། །རྒྱལ་སྲིད་སྣ་དྲུག་དཔལ་ཡོན་གསལ་བ་ལས། །ད་ནི་དོན་གཉེར་བུད་མེད་རིན་ཆེན་ཞིག །ལུས་ལ་ཙན་དན་ཁ་ལ་པད་མའི་དྲི། །འབྱུང་ཞིང་འཁོར་བསྒྱུར་གྲང་རེག་དྲོ་བ་དང་། །ཚ་རེག་ཅན་ལ་བསིལ་བ་སྟེར་བར་བྱེད། །གཞན་གྱིས་རེག་པར་མི་ནུས་ཡིད་དུ་འོང་། །རྟག་ཏུ་བདེ་བར་བྱེད་པའི་ཡོན་ཏན་ལྡན། །རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ཡི། །གཞོན་ནུ་མཆོག་དང་རིགས་རུས་མཐུན་པ་ཞིག །བཙུན་མོ་དམ་པར་དབང་བསྐུར་དུས་ཡིན་པར། །ཤེས་པར་གྱིས་ལ་བློ་གྲོས་སྙིང་སྟོབས་ཅན། །བློན་པོ་རྣམས་ཀྱིས་ལེགས་པར་བགྲོས་བྱས་ཏེ། །རྟགས་ནས་སྐབས་སུ་བབས་པའི་ཐ་ཚིག་སྨྲོས། །བསྒོས་སྐབས་བཀའ་ཁུར་བཟོད་པའི་བློན་རྣམས་ཀྱིས། །ཡུལ་འཁོར་ཡུལ་ཕྲན་རྒྱལ་ཁབ་རི་གྲོང་སོགས། །ཀུན་ཏུ་མྱུལ་བས་ནམ་ཞིག་སྲིད་པའི་རྒྱན། །ལྷོ་ཕྱོགས་མ་ཎི་དི་པ་ཞེས་པའི་ཡུལ། །རྒྱལ་ཁབ་ཆེན་པོ་བཀོད་ལེགས་འོད་སྣང་དུ། །གྲགས་པ་དེ་རུ་རྒྱལ་པོ་གསལ་ལྡན་དང་། །བཙུན་མོ་ཟླ་འོད་མ་ཞེས་འབོད་པ་ཡོད། །རྒྱལ་ཚབ་འོས་པའི་རིགས་རྒྱུད་གཞན་ནི་མེད། །ཡིད་རྟེན་གཅིག་པུར་གྱུར་པའི་བུ་མོ་ཞིག །ཡིད་འོང་མ་ཞེས་མཛེས་ཤིང་ལྟ་ན་སྡུག །ཁ་དོག་མཆོག་ལྡན་མདངས་རྒྱས་ལུས་ལ་ནི། །ཙན་དན་པད་མའི་དྲི་ལྡང་བུད་མེད་ཀྱི། །མཚན་བཟང་བཅོ་བརྒྱད་པོ་ཡིས་མཛེས་པར་བརྒྱན། །སྲེད་ལྡན་མ་ལུས་ཡིད་བརྟན་ཅིག་ཅར་འཕྲོག །རྣམ་པ་མི་འདས་འཆི་མེད་དགའ་མས་ཀྱང་། །བསྒྲུན་པར་མི་བཟོད་མཚར་སྡུག་འོད་དུ་ཆགས། །ཟླ་བ་གསར་པ་ལྟ་བུའི་ལང་ཚོ་དང་། །ལྡན་པ་ཡིན་པའི་ངང་ཚུལ་ཞིབ་རྟོགས་ཏེ། །གཞོན་ནུ་ཟླ་མེད་མཆོག་ལ་བཙུན་མོ་འང་། །མཛེས་མ་འདི་ཉིད་ཁོ་ན་མངའ་གསོལ་འོས། །དེ་སྐད་མགྲིན་གཅིག་གླེང་ཡང་འོན་ཀྱང་ནི། །གསལ་ལྡན་རྒྱལ་པོར་རིགས་སྲས་མེད་པར་བརྟེན། །སྲས་མོ་ཡིད་འོང་མ་དང་གྲོང་ཆེན་པོ། །མེ་ཏོག་རྒྱས་ཚལ་སྣང་བ་འབུམ་ལྡན་གྱི། །རྒྱལ་པོ་ཟླ་བའི་བློ་གྲོས་དེ་ཡི་སྲས། །ལྷ་ལས་ཕུལ་བྱུང་ཞེས་བྱ་མཆོར་སྒེག་ལྡན། །འཇིག་རྟེན་བྱ་བའི་རྣམ་གཞག་ལ་མ་རྨོངས། །བློ་མཐུ་སྟོབས་འབྱོར་ཚོགས་ཤིང་ཕུལ་དུ་བྱུང་། །བློ་གྲོས་དཔའ་རྟུལ་ལྡན་པའི་བློན་མང་གིས། །མདུན་ས་མཛེས་ཀྱང་ལས་འབྲས་ཡིད་མི་བརྟན། །བྱམས་དང་སྙིང་རྗེའི་རོ་འང་མི་བྲོ་བ། །སྲོག་བརྡེག་མི་དགེའི་ལས་ལ་བག་ཚ་མེད། །སྤྱོད་མཁན་དེ་དང་ཕན་ཚུན་མཛའ་བྱས་ཏེ། །རྒྱལ་ཁབ་ཕན་ཚུན་ཆབ་འོད་གཅིག་ཏུ་ནི། །སྐྱོང་བའི་དམ་བཅའ་བཀོད་ཚུལ་རིང་ནས་ཐོས། །དེ་ཉིད་གེགས་བྱེད་འགྱུར་མིན་གཏམ་གླེང་བས། །སྐབས་དེར་འབུམ་ཕྲག་དོ་ཟླ་གཅིག་པ་དེས། །ཡིད་གཉིས་ལྡན་པས་དོན་གང་སྒྲུབ་མི་ནུས། །འདི་ཙམ་དཀའ་བར་འཛིན་ན་བློ་མཐུ་ཆུང་། །དང་པོ་འཇིག་རྟེན་ལུགས་བཞིན་སློང་བར་བྱ། །བར་དུ་གཡོ་སྒྱུའི་སྦྱོར་བས་འགུགས་པར་བྱ། །དེས་ཀྱང་རེ་འབྲས་ལྡན་པར་མ་གྱུར་ན། །མཐའ་མར་ཡན་ལག་བཞི་ལྡན་གཡུལ་བཤམས་ཏེ། །བཀོད་ལེགས་འོད་སྣང་སྣང་བ་འབུམ་ལྡན་གྱི། །མིང་ཙམ་མེད་པར་བྱས་ནས་ཡིད་འོང་མ། །དཔུང་གིས་ཕྲོགས་ཏེ་རང་གི་བྱ་ཞེས་སྨྲས། །ཐམས་ཅད་བློ་གྲོས་མཐུན་ཏེ་དབུགས་དབྱུངས་སོ། །དེ་ནས་བློན་པོ་མཚུངས་མེད་བློ་གྲོས་ལྡན། །རིན་ཐང་གཞལ་དུ་མེད་པའི་སྐྱེས་དང་བཅས། །རྒྱལ་པོ་གསལ་ལྡན་གམ་དུ་ཡིད་འོང་མ། །སློང་བའི་ཕོ་ཉར་མངགས་བཞིན་བརྟོལ་གྱུར་ཅིང་། །ཟད་མི་ཤེས་པའི་སྐྱེས་རྣམས་རྒྱལ་པོའི་དྲུང་། །ལྷུན་པོ་ལྟར་སྤུངས་སྙིམ་པའི་པད་མོ་ནི། །འཛུམ་ལྟར་སྤྱི་བོར་བཀོད་ནས་ལྷ་ང་སར། །བཙུགས་ཏེ་འོང་དོན་ཇི་བཞིན་སྙན་པར་གསོལ། །སྐབས་དེར་རྒྱལ་པོ་གསལ་ལྡན་མཛད་དཀའ་གྱུར། །དེ་ལྟར་ཁས་སུ་བླངས་ན་ཁྱོ་ཤུག་སྲིད། །གཅིག་ཏུ་སྐྱོང་བའི་ཐ་ཚིག་དེ་དང་འགལ། །རྒྱབ་ཀྱིས་ཕྱོགས་ན་ཉམས་ཉེས་མི་འགྱུར་གྲང་། །སྙམ་དུ་སེམས་ཁོང་ཆུད་ཅིང་ཡུལ་པོར་གྱུར། །ཕོ་ཉར་ལན་ལྡོན་མེད་པར་བཞག་མི་རུང་། །ཐོག་མའི་དམ་བཅའ་དེ་ལས་འགལ་དུ་མེད། །རང་གི་ངང་ཚུལ་ཇི་ལྟར་སྒྲོ་སྤངས་ཏེ། །གསོང་པོར་སྨྲའོ་བསམས་ནས་རྒྱལ་ཁབ་གཉིས། །ཆབས་ཅིག་སྐྱོང་བའི་དམ་བཅའ་བཀོད་ཟིན་ཚུལ། །ཐ་ཚིག་དེ་དང་འགལ་དུ་མི་རུང་བའི། །རྒྱུ་མཚན་འཇམ་ཞིང་དེས་པས་བརྡ་སྤྲད་སྐབས། །བློན་པོ་མཚུངས་མེད་བློ་གྲོས་ལྡན་དེ་ཉིད། །ཁྲོས་འཁྲུག་རྔམ་པར་གྱུར་ཏེ་ཚིག་རྩུབ་མོས། །ཐ་ཚིག་བསྒྲགས་རྗེས་སྲིད་པའི་རྒྱན་དུ་ལོག །དེ་ནས་རྒྱལ་པོ་གསལ་ལྡན་སེམས་ཚབ་ངང་། །བཀོད་ལེགས་འོད་སྣང་ཉམས་ཉེས་མི་འགྱུར་གྲང་། །བགྲོས་བྱས་པ་ལ་འཕུང་ཡང་བཟོད་ཅེས་པས། །བོ་མོ་རང་ལ་གཏམ་ཞིག་འདྲི་སྙམ་ནས། །སྲས་མོ་ཡིད་འོང་གམ་དུ་འཁོད་བཅུག་ནས། །ཚུལ་དེ་སྨྲས་ཤིང་ཇི་ལྟར་རིགས་ཚུལ་དྲིས། །ཡིད་འོང་མ་ནི་གཞོན་ནུ་ཟླ་མེད་ཀྱི། །མིང་གི་སྒྲ་དབྱངས་ཙམ་ལའང་རྗེས་སུ་ཆགས། །ལྷན་གཅིག་མཛའ་བར་གྱུར་ན་ཅི་མ་རུང་། །སྙམ་པའི་བསམ་པ་ཐུན་མོང་མ་ཡིན་པ། །ཁོ་ན་འཆར་ཡང་རེ་ཞིག་ཡབ་ཀྱི་བཀའ། །འགལ་བར་མི་སྤྱོད་སྙམ་དུ་བསམ་ནས་ནི། །སོར་བཅུ་སྙིང་གར་བཀོད་ནས་འཛུམ་དང་བཅས། །ལྷ་ལས་ཕུལ་བྱུང་མཆོར་སྒེག་ལྡན་ཡང་ནི། །གནག་པའི་རྒྱུ་ཚོགས་སྒྲུབ་པ་ཐོས་ཚུལ་དང་། །གཞོན་ནུ་ཟླ་མེད་དགེ་ཚོགས་འོད་སྟོང་ཅན། །ཡིན་པས་སྨོན་གནས་གཅིག་པུ་དེ་ཡིན་ཚུལ། །འོན་ཀྱང་ཡབ་ཀྱི་བཀའ་དང་རེ་ཞིག་ལ། །འགལ་བར་མི་བྱ་ངང་ཚུལ་གསོང་པོར་སྨྲས། །ཡབ་ཀྱིས་དེ་དག་བདེན་པར་བསམ་ཀྱང་ནི། །ས་བདག་རྣམས་ནི་སྨྲ་བ་ལན་གཅིག་གྲགས། །སྔོན་གྱི་དམ་བཅར་འགལ་ན་བདག་ཉིད་ནི། །སྐྱེ་བོ་ཐ་ཆད་རྫུན་སྨྲར་བསྒྲགས་འགྱུར་བས། །འཇིག་རྟེན་ཀུན་གྱིས་དམོད་པ་ལྷུང་བ་ལས། །ཤི་བ་སླ་བར་སྙམ་དུ་བསམས་ནས་ནི། །སྔར་གྱི་ལོ་རྒྱུས་གང་དང་གང་ཡིན་པ། །དེ་དག་རི་མོའི་ལམ་དུ་འཁོད་པར་བྱས། །ཟླ་བའི་བློ་གྲོས་ཕྱོགས་སུ་ཕོ་ཉ་མངགས། །ཕོ་ཉ་བགྲོད་ནས་སྣང་བ་འབུམ་ལྡན་གྱི། །རྒྱལ་བློན་ལྷན་གཅིག་ཚོགས་པའི་མདུན་ས་དེར། །འཕྲིན་ཡིག་རྒྱལ་པོའི་ཕྱག་ཏུ་འཕུལ་བ་ན། །རྒྱལ་པོ་ཁྲོས་ཤིང་འཁོར་ལ་བསྒོས་དོན་དུ། །དེ་ལྟ་མཆིས་པས་ཡིད་འོང་མ་དེ་ཡང་། །ད་ནི་དཔུང་གི་སྦྱོར་བས་འགུགས་ངེས་སོ། །དེའི་ཕྱིར་དཔའ་རྟུལ་བློན་ལྔས་དཔུང་ཁྲིད་དེ། །ཡན་ལག་བཞི་ལྡན་དྲག་པོའི་གཡུལ་ཤོམས་ལ། །སྙིང་སྟོབས་བསྐྱེད་ཕྱིར་ལྷ་ལས་ཕུལ་བྱུང་ཡང་། །གཡུལ་གཙོར་དོངས་ལ་གཞན་སྡེ་བཅོམ་བྱས་ཏེ། །རེ་འབྲས་ལག་ཏུ་ལོན་པར་དགོས་པ་དང་། །གལ་ཏེ་གསལ་ལྡན་བུ་མོ་མ་ཁུགས་ན། །བློན་རྣམས་སྲོག་དང་བྲལ་བར་བྱ་ཞེས་བཤད། །ལྷ་ལས་ཕུལ་བྱུང་ལ་ཡང་ཁོ་བོའི་སྲིད། ། གཟུང་དུ་མི་སྟེར་སྲང་དོར་ཁྱི་གྲས་དབྱུང་། །ཞེས་སོགས་ཁྲོས་ཚིག་གསང་མཐོར་བསྒྲགས་པ་ན། །གཞན་རྣམས་སྨྲ་བའི་ནུས་པ་མེད་པར་ལུས། །བློན་པོ་ཚངས་པའི་བློ་ལྡན་གྲལ་དབུས་ནས། །ཟུར་དུ་ཕྱུངས་ཏེ་རྒྱལ་པོར་བརྟག་ཞིབ་དེ། །སྔོན་དུ་མ་སོང་རྣམ་རྟོག་དགྲར་ལངས་ཀྱི། །སྨྱོན་པའི་ཟློས་གར་བཞིན་དུ་དཔུང་ཞུགས་ཚེ། །འཁོར་འབངས་སྡུག་གིས་ནོན་པར་མི་འགྱོད་དམ། །ཞེས་སོགས་དྲི་བའི་བསམ་ཚུལ་བཤད་པ་ན། །རྒྱལ་པོས་དེ་ལ་གནས་ལུགས་ལྡན་སྙམ་སྟེ། །བརྟག་པའི་ཕོ་ཉ་མངགས་སྐབས་འཕྲིན་ཡིག་ཏུ། །བསྙད་པ་དེ་ནི་བདེན་པ་ཡིན་པ་དང་། །ཡིད་འོང་མ་ནི་ཡབ་ཡུམ་གམ་དུ་ནི། །ཉེ་ཞོ་མེད་པར་གནས་པ་རྣར་སོན་པས། །རྒྱལ་བློན་བགྲོས་མཐར་བློ་རྒོད་ཐར་ལེགས་དེ། །དཔུང་ཚོགས་ཁ་ལོ་བགྱིས་ཏེ་བརྒྱ་ཕྲག་བཅུའི། །དཔུང་བཅས་ཡིད་འོང་མ་ཉིད་བསུ་བར་མངགས། །དེའི་དུས་བློན་པོ་མཚུངས་མེད་བློ་གྲོས་ལྡན། །སྲིད་པའི་རྒྱན་དུ་ལྷགས་ནས་ཇི་ལྟ་བར། །གྱུར་པའི་གནས་ཚུལ་གསལ་པོར་སྨྲས་པ་ན། །བྱ་དགའི་དངོས་པོ་ཉུང་པས་མ་ཡིན་ནམ། །ཞེས་སོགས་བློན་པོ་སོ་སོའི་འདོད་ཚུལ་གླེང་། །དེ་ནས་འབུམ་ཕྲག་དོ་ཟླ་གཅིག་པ་དེས། །དྲག་པོའི་སྦྱོར་བས་ཡིད་འོང་མ་དེ་ཉིད། །བཙུན་མོར་བསྐུར་རྒྱུའི་གད་རྒྱངས་སྒྲོག་པ་ན། །བློན་གཞན་སྨྲ་ནུས་མེད་པར་དམད་དེ་གནས། །དེའི་ཚེ་རྒྱལ་བུ་གཞོན་ནུ་ཟླ་མེད་ཀྱིས། །གསལ་ལྡན་རྒྱལ་པོས་རང་གི་དམ་བཅའ་ལས། །འགལ་དུ་མེད་པའི་གནས་ལུགས་དྲང་བརྗོད་རྟོགས། །དེ་ནི་ཡ་རབས་ངང་ཚུལ་དང་མཐུན་པས། །བློན་དག་ཞེ་སྡང་ཁོང་ཁྲོའི་གནས་སྐབས་ཐོངས། །རང་ཅག་ཐོག་མའི་བློ་གྲོས་གཅིག་མཐུན་པའམ། །དང་པོ་འཇིག་རྟེན་ལུགས་ཞུགས་བར་དུ་ནི། །གཡོ་སྒྱུས་འཁྲུལ་བར་བྱ་ཞིང་མཐའ་མ་རུ། །དཔུང་གིས་ཡིད་འོང་མ་ཉིད་རང་གིར་བྱེད། །ཞེས་པར་བློ་གྲོས་མཐུན་པར་མ་གྱུར་ཏམ། །ན་ཚོད་ཁོར་བོར་མཐུན་ཞིང་ཤེས་རབ་ལྡན། །འཇུག་ལྡོག་མཁས་པའི་སྲིད་པ་གཞོན་ནུ་འདི། །བརྒྱ་ཕྲག་བྲན་བཅས་བཀོད་ལེགས་འོད་སྣང་དུ། །ཁོ་བོར་བརྫུས་ཏེ་མངགས་པར་བྱ་ཞེས་སྨྲས། །སྲིད་པ་གཞོན་ནུ་ན་ཚོད་ཕྲ་བས་ན། །གྲོགས་སུ་འགྱུར་རོ་སྙམ་ནས་འབངས་ཁོལ་དང་། །འཁོར་ཚོགས་བརྒྱ་ཕྲག་དང་བཅས་མངགས་པ་འོ། །དེ་རྣམས་བཀོད་ལེགས་འོད་སྣང་འདབས་རོལ་ཏུ། །དོན་མཐུན་ཚོང་པའི་ཟོལ་ལ་བརྟེན་ཏེ་གནས། །སྲིད་པ་གཞོན་ནུས་རྒྱལ་བུ་གཞོན་ནུ་ཉིད། །ས་དེར་ལྷགས་པ་ལྟར་བྱས་ཡིད་འོང་མར། །ཟླ་བ་ཀུན་ད་ལྷན་ཅིག་རྩེ་དགའི་རོལ། །སྤྱོད་པ་བཅོ་ལྔའི་ཆ་རྫོགས་དུས་འདི་སྟེ། །དེ་ནས་ནག་ཕྱོགས་གཞན་དབང་གྱུར་པའི་ཚེ། །ལས་ཀྱི་འབྲེལ་བ་དམན་པར་འགྱུར་མིན་ནམ། །ཞེས་སོགས་འཕྲིན་ཡིག་བྲིས་ནས་སུ་ཞིག་ལ། །བསྐུར་བར་སྙམ་ཚེ་ཕོ་བྲང་དེའི་ཉེ་སར། །ཆུ་ལེན་བུ་མོས་མགྲིན་གླུ་སྒྱུར་བཞིན་དུ། །འགྲོ་བ་མཐོང་སྟེ་དེ་ལ་བྱ་དགའ་ཡིས། །ཚིམ་པར་བྱས་ནས་འཕྲིན་ཡིག་འཁྱེར་བར་བཅོལ། །དེ་ཀྱང་དགའ་བཞིན་རེ་བ་དང་ལེན་བྱས། །ཡིད་འོང་མ་ཡི་ལག་ཏུ་འཕྲིན་ཡིག་དེ། །སོན་སྐབས་སྤྲོ་བཞིན་ཆུ་ལེན་བུ་མོ་དེར། །འཕྲིན་དེ་སྟེར་མཁན་སུ་དང་དེ་ཡི་ཡུལ། །གྲོང་ཁྱེར་གང་དང་རིགས་གཟུགས་ཡོན་ཏན་ཅི། །ཞེས་སོགས་དྲིས་ཚེ་ཁོ་མོ་དེའི་མཛེས་པས། །ཡིད་སེམས་དྲངས་ཏེ་དྲི་བའི་མཐུ་བྲལ་སྨྲས། །ཡིད་འོང་མ་ཡིས་རྒྱལ་བུ་ཡིན་སྙམ་ཏེ། །དགའ་སྐྱོ་ཟུང་འབྲེལ་ངང་ནས་འཕྲིན་ལན་ཞིག  །སྤྲོད་པའི་ཕོ་ཉར་ཆུ་ལེན་བུ་མོ་མངགས། །གཞོན་ནུས་སླར་ཡང་ཡིད་འོང་མ་ཉིད་ལ། །ཁོ་བོས་ངལ་བ་བརྒྱ་ཕྲག་བཟོད་བྱས་ཏེ། །ཐག་རིང་ཁྱོད་དོན་གཉེར་དུ་འོང་པ་ཡིན། །ཁྱེད་ཉིད་ཡབ་ཡུམ་བཞེད་དགོངས་ལས་བཟློག་མེད། །དེར་བརྟེན་བདག་ལ་ཐབས་དང་བློ་གྲོས་ཅི། །བདག་གིས་གཅིག་ལ་ནན་ཏུར་དགོས་མ་མཆིས། །ཕྱིན་ཆད་འཁོན་ལན་གཡུལ་ལས་བཤམས་པའི་ཚེ། །འགྱོད་པར་མ་འགྱུར་ཞེས་པའི་འཕྲིན་ལན་བགྱིས། །སྐབས་དེར་ཡིད་འོང་མ་ཡིས་འདི་ལྟར་སེམས། །ཡབ་ཡུམ་གནང་བ་མ་ཐོབ་དེ་སྲིད་དུ། །བཤོལ་ན་རིང་ནས་སྨོན་པའི་མཛའ་གྲོགས་དང་། །ལྷན་ཅིག་སྤྱོད་པའི་སྐལ་བས་དབེན་པར་ངེས། །གཞོན་ནུ་དམ་པར་འགྲོགས་ན་ཡབ་ཡུམ་གྱི། །བཀའ་ལས་ཕྱིན་ཅི་ལོག་ཏུ་མི་འགྱུར་རམ། །དེ་ནའང་ཡབ་ཡུམ་དྲིན་ནི་སླར་གཟོ་རུང་། །གལ་ཏེ་སྣང་བ་འབུམ་ལྡན་རྒྱལ་རིགས་ཀྱི། །དབང་དུ་གྱུར་ན་མི་དགེའི་ལས་སྤྱོད་པའི། །གཙོ་བོར་གྱུར་ཏེ་འདི་ཕྱི་གཉིས་ཀར་སྡུག །དེ་ཡི་ཁྱིམ་ཐབ་བགྱི་ལས་གང་ཡང་སླ། །སྲིད་པའི་རྒྱན་གྱིས་བཀོད་ལེགས་འོད་སྣང་འདི། །ལྷག་མར་བྱེད་ཅིང་ཡབ་ཡུམ་གདུང་བར་སྦྱོར། །གཞོན་ནུ་ཟླ་མེད་སྐྱེས་བུ་དམ་པ་ཡི། །གྲགས་སྙན་རྒྱས་པ་ཡིན་པས་མདུན་ལེགས་སམ། །ཉེས་ཀྱང་དེ་ཡི་རྗེས་སུ་འབྲང་སྙམ་ནས། །སོམ་ཉི་བཅད་དེ་ཡབ་ལ་སྐྱེད་ཚལ་དུ། །ལྗོངས་རྒྱུའི་དགོངས་ཞུའི་ཟོལ་གྱིས་གུས་ཕྱག་ཕུལ། །ཡབ་ཀྱིས་དགོངས་ཁྲོལ་བྱུང་སྟེ་གོས་རྒྱན་གྱིས། །ལེགས་པར་སྤྲས་ཏེ་མཛེས་སྡུག་ངོམ་བཞིན་པར། །སྐྱེད་མོས་ཚལ་དུ་བཞུགས་ཤིང་གཞོན་ནུ་ལ། །བརྡ་སྦྲོན་ཕུལ་མཁན་ཕོ་ཉ་མོ་མངགས་ཤིང་། །སྲིད་པ་གཞོན་ནུས་ཆས་གོས་ལེགས་བཀླུབས་ཏེ། །སྐྱེད་མོས་ཚལ་དུ་འོངས་ནས་ཡིད་འོང་མའི། །ལྟ་བས་ཆོག་མི་ཤེས་པའི་མཚར་སྡུག་གི །དཀྱིལ་འཁོར་མིག་གི་དགའ་སྟོན་དུ་བྱུང་བས། །གཞོན་ནུའི་བཙུན་མོར་ཐོབ་པ་ཅི་ནས་ཀྱང་། །བྱ་བའི་དམ་བཅའ་ལྷག་པར་བརྟན་པོར་བཀོད། །འོན་ཀྱང་ཡིད་འོང་མ་ལ་མིང་ཙམ་ཡང་། །ཐོས་པས་ལང་ཚོའི་སྤུ་ལོང་གཡོ་བ་དེ། །འདི་ཉིད་མིན་སྙམ་དོགས་ཏེ་དྲིས་པ་ན། །སྲིད་པ་གཞོན་ནུས་ད་ནི་གསང་བ་ཡིས། །མི་ཕན་བསམ་སྟེ་རྒྱུ་མཚན་གསང་པོར་སྨྲས། །སྲིད་པའི་རྒྱན་དུ་གཤེགས་པར་བསྐུལ་བ་ན། །ཡིད་འོང་མ་ཡིས་སོར་གདུབ་ཅིག་བྱིན་ཏེ། །རེ་ཞིག་ཡབ་ཡུམ་གམ་དུ་ལྡོག་སྟེ་ཕྱིས། །ལུགས་མཐུན་ཆོ་གས་མཛའ་བའི་རེ་མོས་བསྟན། །སྲིད་པ་གཞོན་ནུས་དན་རྟགས་སོར་གདུབ་ཕྱིར། །བྱིན་ནས་རྒྱལ་སྲས་གཞོན་ནུར་སྙིང་དབུས་ནས། །གུས་ན་བདག་དང་ལྷན་ཅིག་འདོང་བར་བྱ། །མིན་ན་སྐྱེ་གཞན་འགྲོགས་པའི་སྨོན་ལམ་འདེབས། །དེ་ལྟར་ནན་ཏུར་བྱས་ཚེ་ཡིད་འོང་མས། །བྲན་མོ་ཞིག་ཀྱང་ཡབ་ཡུམ་གཉིས་པོ་ལ། །མོ་རང་སྲིད་པའི་རྒྱན་གྱི་དཔུང་ཞིག་གིས། །བཟུང་སྟེ་ཁྲིད་ཚུལ་བརྗོད་པའི་ཕོ་ཉར་མངགས། །འབངས་མོ་བཞི་བཅས་སྲིད་པའི་རྒྱན་དུ་ཆས། །མཚན་ཐོག་རྫོགས་ལ་ཉེ་དུས་ཡིད་འོང་མ། །འགྱོད་པའི་སྒོ་ནས་ཡབ་ཡུམ་དྲུང་དུ་སླར། །ཕྱིར་ལོག་འཇུག་པའི་རེ་སེམས་བསྟན་པ་ལ། །སྲིད་པ་གཞོན་ནུས་རྒྱལ་བུ་གཞོན་ནུ་ཡི། །ཡོན་ཏན་བརྗོད་པའི་སྒོ་ནས་བསླབ་བྱ་བྱས། །དེ་ནས་སྤྲོ་བ་བཏེགས་ཏེ་མུ་མཐུད་ཞུགས། །བྲན་མོས་ཡབ་ཡུམ་གཉིས་ལ་དེ་དོན་ཞུས། །ཡུམ་ནི་བརྒྱལ་བར་གྱུར་ཞིང་དྲན་སོས་རྗེས། །རྒྱལ་པོས་དེ་སླད་ལོག་པ་ལྟར་སྣང་ཡང་། །ལེགས་པའི་ལམ་དུ་འགྲོ་བའམ་བསོད་ནམས་མཐུར། །ངེས་སོ་ལས་འབྲས་བདེན་པར་མི་བསླུ་ཕྱིར། །ཟླ་འོད་མ་ཁྱོད་གདུང་བ་ལས་གྲོལ་ཏེ། །ཅི་བདེར་བག་ཕབ་རྣམ་དཀར་ལས་ཐབས་སྒྲུབས། །ཞེས་བསྙད་པ་ལས་ཅུང་ཟད་སྤྲོ་བ་བཏེགས། །དེ་ནས་སྲིད་པ་གཞོན་ནུ་ལ་སོགས་པ། །བཀོད་ལེགས་འོད་སྣང་དེ་ནས་རིང་འདས་ཏེ། །མཐའ་བྲལ་ལྗོངས་ཞེས་བྱ་བར་བསླེབས་པ་ན། །བློ་རྒོད་ཐར་ལེགས་དཔུང་ཚོགས་འོང་པ་མཐོང་། །ཡིད་འོང་མ་ཉིད་འགུགས་པའི་ཕོ་ཉ་རུ། །ཤེས་ནས་སྲིད་པ་གཞོན་ནུས་ཡིད་འོང་མ། །འབངས་མོར་བཅས་པ་སྐྱེས་པའི་ཆས་སུ་ཞུགས། །བཅུག་སྟེ་སོང་བས་བློ་རྒོད་ཐར་ལེགས་ཀྱིས། །ཁྱོད་ཚོ་གང་དུ་བགྲོད་ཅིང་གཉེར་བྱ་ཅི། །དྲིས་པའི་ལན་དུ་སྲིད་པའི་རྒྱན་གྱི་ནི། །ཡིད་འོང་མ་དེ་གཉེར་བའི་ཕོ་ཉ་ཡིན། །ཡིད་འོང་མ་ཞེས་སྙན་གྲགས་ཆེ་ན་ཡང་། །བཞིན་དང་སྤྱོད་ལམ་ངན་པས་རྩྭ་ལྟར་དོར། །རྒྱལ་རིགས་མཛེས་སྡུག་རྨད་བྱུང་བཞིན་བཟང་མ། །དོན་དུ་གཉེར་ཕྱིར་འདི་ལྟར་རྒྱུ་ཞེས་སྨྲས། །དེ་དག་འཁྲུལ་བར་གྱུར་པའི་གནས་སྐབས་སུ། །འབངས་ཁོལ་རྗེས་སུ་ལུས་ཏེ་ཐོན་པ་དེར། །རལ་གྲི་ཕྱུང་སྟེ་བསྡིགས་པའི་ཉམས་ཀྱིས་དྲིས། །སྐྲག་སྟེ་ཇི་བཞིན་སྨྲས་ཤིང་སྐྱོང་བར་ཞུས། །བློ་རྒོད་ཐར་ལེགས་དཔུང་གིས་རྗེས་འདེད་བཏང་། །དཔའ་བོ་སྲིད་པ་གཞོན་ནུས་རང་ཉིད་ཀྱིས། །གཡུལ་ངོ་ལེན་ཞིང་ཡིད་འོང་མ་ལ་སོགས། །སྲིད་པའི་རྒྱན་དུ་འབྱོར་ཐབས་དགོས་པར་གདམས། །དགྲ་བོར་འཐབ་སྟེ་ཞུམ་པར་བྱས་ནའང་། །རལ་གྲི་དུམ་བུར་གྱུར་ཞིང་རྟ་མཆོག་གི །བང་ཡང་ཟད་ལ་ལུས་ཀྱང་དུབ་སྟེ་ངལ། །འབངས་ཁོལ་བྱུང་བས་དཔའ་བོས་གྲོགས་སུ་རློམ། །རེ་ཞིག་མེལ་ཚེ་བགྱི་བར་བསྒོས་པ་ན། །འབངས་ཁོལ་མེལ་ཚེའི་ཟོལ་གྱིས་དགྲ་སྡེའི་གམ། །སོང་སྟེ་ད་ནི་རྒོལ་བར་རིགས་ཚུལ་བཤད། །ཕྱིར་ལ་འོང་ནས་སྲིད་པ་གཞོན་ནུ་ལ། །ད་ནི་དགྲ་བོ་འགྱོད་ཅིང་སྐྱེངས་བཞིན་དུ། །ལྡོག་པར་བྱས་ཟིན་སྨྲས་པས་ཐམས་ཅད་ཀྱིས། །བདེན་པར་བཟུང་སྟེ་ནུབ་དེར་དོགས་མེད་ངང་། །བག་ཕབ་ལྷོད་དལ་ངང་དུ་འདུག་པ་ན། །མཚན་ཐུན་ཐ་མར་འབངས་ཁོལ་ཁ་ལོ་པ། །བྱས་ཏེ་བློ་རྒོད་ཐར་ལེགས་དཔུང་དང་བཅས། །གློ་བུར་ལྷགས་ཏེ་སྲིད་པ་གཞོན་ནུ་སོགས། །བཟུང་ཞིང་སྣང་བ་འབུམ་ལྡན་ཕྱོགས་བསྐྱོད་དོ། །ལམ་དུ་ཡིད་འོང་མ་ནི་འགྱོད་ཅིང་གདུང་། །ལོགས་ན་གྲི་གུ་སོར་བཞི་རིན་པོ་ཆེའི། །ཡུ་བ་ཅན་ཞིག་ཡོད་པ་དེ་བཏོན་ནས། །རང་གིས་རང་ལ་བརྡེག་པར་གཟས་པ་ན། །གཞན་གྱིས་བཟུང་སྟེ་ལྡོག་པ་གཞོན་ནུ་ཡིས། །མཐོང་བས་བདག་ཅག་མགོན་མེད་མ་ཡིན་པའི། །གནས་ལུགས་བརྗོད་པས་ཡིད་འོང་མ་ཡི་ཡིད། །ཅུང་ཟད་གསོས་ལ་བློ་རྒོད་ཐར་ལེགས་ནི། །མ་འོངས་བག་ཟོན་བྱ་དགོས་སྙམ་པ་བྱུང་། །འབངས་ཁོལ་སེམས་ལ་ཟུག་རྔུ་བྱིན་ཏེ་གནས། །སྣང་བ་འབུམ་ལྡན་དེ་རུ་བག་བསུ་ཡི། །ཆོ་ག་རྒྱས་པར་བསྟར་ཞིང་རིན་ཆེན་ཁྲིར། །རྒྱལ་པོ་ཡབ་སྲས་ཡིད་འོང་མ་འཁོད་ཅིང་། །གཡས་གཡོན་མཆོག་གི་བློན་པོ་བསྟི་བར་བྱས། །ཆབ་སྒོའི་དྲུང་དུ་སྟན་མེད་གནས་བཅུག་པའི། །སྲིད་པ་གཞོན་ནུ་ཞེ་སྡང་དྲག་པོ་སྐྱེས། །འོན་ཀྱང་སྲིད་པའི་རྒྱན་གྱི་རྒྱལ་ཐབས་ཀྱི། །བྱ་བ་ཕྱི་ནས་བསྒྲུབ་པར་བྱ་བ་ལ། །ཐབས་མཁས་དགོས་པར་སྙམ་ཞིང་འཛུམ་གྱིས་གནས། །དེ་ལྟར་དགའ་སྟོན་ཆོ་གས་ཉིན་མང་འདས། །རྒྱལ་པོས་ཁྲི་མཐོའི་རྩེ་ནས་ཡིད་འོང་མར། །བཤུལ་ལམ་གནས་ཚུལ་དྲིས་ཚེ་ཡིད་འོང་མ། །མགྲིན་པ་བརྣངས་ཏེ་ཅང་མི་སྨྲ་བར་གནས། །བློ་རྒོད་ཐར་ལེགས་ལངས་ཏེ་མདུན་ཆེན་དེའི། །དབུས་སུ་སོང་སྟེ་སྐད་གསང་མཐོན་པོ་ཡིས། །སྲིད་པའི་རྒྱན་གྱི་གཡོ་སྒྱུའི་སྦྱོར་བ་ཡིས། །ཡིད་འོང་མ་ཉིད་ཁྲིད་ཚུལ་དེ་དག་དང་། །དཔུང་བསྲེས་གྲོགས་ངན་སྟོང་སྡེའི་མཐུ་ཆུང་ཚུལ། །དགྲ་བོ་དག་གིས་རང་གི་སྒྱུ་རྩལ་གྱི། །དོ་ཟླ་མ་ཡོང་ཡིད་འོང་མ་ཐོབ་པའི། །དགེ་མཚན་དང་ནི་འབངས་ཁོལ་གྱིས་ཀྱང་ཕན། །ཅུང་ཟད་བྱས་པས་སྐྱོང་བར་འོས་ཚུལ་སོགས། །བརྗོད་པས་རྒྱལ་པོ་ཡབ་སྲས་བདེན་བཟུང་སྟེ། །བློ་རྒོད་ཐར་ལེགས་མདུན་ན་འདོན་རྣམས་ཀྱི། །གཙོ་བོར་བསྟོད་ཅིང་རྗེ་བོར་བསྐོས་པ་དང་། །འབངས་ཁོལ་ལ་ཡང་བྱ་དགའ་ཚིམ་པར་བྱས། །ཉེ་བའི་བྲན་དུ་བསྐོས་ཤིང་དཔུང་ཚོགས་གཞན། །ལྷག་མ་རྣམས་ལས་ཁ་ཅིག་སྲོག་དང་བྲལ། །འགའ་ཞིག་ཡན་ལག་ཉིང་ལག་བཅད་པ་དང་། །ཕལ་མོ་ཆེ་ནི་སྡུག་བསྔལ་ཚོར་བར་སྦྱར། །བློན་པོ་ཕལ་ཆེར་བློ་རྒོད་ཐར་ལེགས་ལ། །བསྔགས་པ་བརྗོད་ཅིང་ཚངས་པའི་བློ་ལྡན་གྱིས། །སྣང་བ་འབུམ་ལྡན་འཕུང་བྱེད་སྟ་གོན་དེ། །འདི་འོ་སྙམ་སྟེ་ཤུགས་རིང་འབྱིན་བཞིན་གནས། །རྒྱལ་པོས་མཐོང་ནས་རྒྱུ་མཚན་དྲིས་པའི་ཚེ། །དགའ་གདུང་ལྷན་ཅིག་རྒྱས་ཚུལ་སྨྲས་པས་ན། །རྒྱལ་པོས་སྤྱོ་བ་དྲག་པོས་ཚར་བཅད་དོ། །དཔའ་བོ་སྲིད་པ་གཞོན་ནུས་ངང་ཚུལ་དེ། །མཐོང་བས་རེ་ཞིག་ཐབས་མཁས་ལྷུར་ལེན་ལ། །མཐའ་མར་རྒྱལ་བློན་སྡེ་བཅས་གཞོམ་སླ་སྙམ། །གུས་པས་རྒྱལ་པོར་བསྔགས་ཤིང་ཕྱག་བྱས་ནས། །རྒྱལ་པོ་མཆོག་ལ་རིང་ནས་སྙིང་ཉེ་བས། །གཡུལ་ངོར་ནུས་རྩལ་ཆེན་པོས་མ་རྒོལ་ཚུལ། །ཁྱོད་བྲན་སྤྱོད་པའི་སྐལ་བ་བྱུང་བ་ན། །འབངས་ཁོལ་ལས་ལྷག་ནུས་པ་ཡོད་ཚུལ་དག  །བློ་རྒོད་ཐར་ལེགས་སྨྲས་དང་མི་འགལ་བར། །ཞུས་པས་རྒྱལ་པོ་དེ་ཡང་དགའ་བཞིན་དུ། །ཤེས་རབ་ཅན་གྱི་བློན་ནི་དགྲ་ཡིན་ཀྱང་། །བརྟེན་པར་འོས་ཞེས་རྒྱལ་བློན་བགྲོས་མཐུན་སྟེ། །ལྷ་ལས་ཕུལ་བྱུང་གང་དེའི་བློན་པོར་བསྐོས། །དེ་ནས་མཛའ་བའི་བསྟི་གནས་ཞེས་པ་རུ། །ལྷ་ལས་ཕུལ་བྱུང་ཡིད་འོང་མ་ལྷན་ཅིག །གནས་སུ་བཅུག་སྐབས་ཡིད་འོང་མ་ཡིས་ནི། །རང་ཉིད་ནར་མ་སོན་པའི་བརྫུ་བརྟེན་ཏེ། །ཤིན་ཏུ་གུས་ཚུལ་བསྟན་པས་གདུགས་ཕྱི་ནས། །བཟུང་སྟེ་བསྟི་གནས་ཀྱང་ནི་སོ་སོར་དོང་། །སྐབས་དེར་འབངས་ཁོལ་སྲིད་པ་གཞོན་ནུ་ལ། །ཕྲག་དོག་དབང་གིས་ལྷ་ལས་ཕུལ་བྱུང་ལ། །ཆུ་ཞིག་ཅི་ཙམ་བསྐོལ་ཏེ་ཚ་གྱུར་ཀྱང་། །མེ་རུ་མི་འགྱུར་བ་བཞིན་འདིས་ནམ་ཡང་། །དང་བ་སྟོན་པར་མི་འགྱུར་བསྒྲལ་ཞེས་བསྙད། །དེ་བཞིན་བགྱིད་དོ་ཡབ་ལ་ཞུས་པ་ན། །ཡབ་ཀྱིས་བཀག་ཀྱང་མ་ཉན་སྲོག་འཕྲོག་པའི། །སྟ་གོན་ཞུགས་མོད་འོན་ཀྱང་ཡིད་འོང་མས། །ཤ་ཚའི་ཚུལ་གྱིས་ལེགས་པར་བསྐྱངས་པ་ན། །བློན་གྱི་མཆོག་དང་རབ་ཏུ་འགྱུར་ངེས་ལ། །མ་རུང་བྱས་ན་འཇིག་རྟེན་གྱི་དམོད་པའི། །མཚོན་ཆས་གཞོམ་པར་ངེས་ཚུལ་ཞུས་པས་ན། །བདེན་དུ་སྙམ་ནས་ཉེ་བའི་བྲན་དུ་བཞག །དེའི་ཚེ་ཉམ་ཉེས་དཔུང་གི་ལྷག་པ་དག །འོང་པ་རྒྱལ་པོ་ཉི་མའི་བློ་གྲོས་ཀྱིས། །མཐོང་སྟེ་ཅི་ཉེས་སྨྲོས་ཤིག་བསྒོས་པ་ན། །རྒན་པོ་ཞིག་གིས་ཐོག་མཐའ་བར་གསུམ་གྱི། །གནས་ཚུལ་བཅོས་བསླད་མེད་པར་གསལ་བར་ཞུས། །རྒྱལ་བློན་ཐམས་ཅད་ཤིན་ཏུ་ཁྲོ་བར་གྱུར། །བློན་པོ་དཔའ་བའི་དབང་གིས་ཐོག་མ་རུ། །གསལ་ལྡན་འཇོམས་པར་བྱ་ཞིང་དེ་ཡི་རྗེས། །སྣང་བ་འབུམ་ལྡན་མིང་གི་ལྷག་མར་བྱ། །གཡུལ་ལ་མྱུར་འཇུག་དཔུང་གི་ཁ་ལོ་པ། །རང་གིས་བྱེད་པའི་རེ་བ་ཞུས་པའི་ཚེ། །འཇིགས་མེད་དཔུང་འཇོམས་ཀྱིས་ནི་སྟོབས་བསྙེམས་པའི། །སྣང་བ་འབུམ་ལྡན་ཐོག་མར་གཞོམ་རིགས་ཚུལ། །སྨྲས་ཤིང་འཇིགས་མེད་བརྟུལ་ཞུགས་ལྡན་གྱིས་ནི། །གང་ཞིག་འཇོམས་ཀྱང་དུས་ལས་མི་འདའ་བར། །ཡིད་འོང་མ་དང་སྲིད་པ་གཞོན་ནུ་གཉིས། །ཉམ་ཉེས་མ་གྱུར་སྔོན་ལ་གཡུལ་མྱུར་དུ། །དགོས་ཚུལ་ང་རོ་དྲག་ཏུ་བསྒྲགས་པ་དང་། །འབུམ་ཕྲག་དོ་ཟླ་གཅིག་པས་དེ་གཉིས་ཀ། །དུས་གཅིག་གཞོམ་པར་འདོད་དེ་རྔམས་སྟབས་ཀྱིས། །གད་རྒྱངས་བསྒྲགས་ཤིང་ལས་དེ་རང་ཉིད་ཀྱི། །བགོ་སྐལ་ཡིན་པར་ཞུས་པས་རྒྱལ་པོ་ཡིས། །ལེགས་ཚུལ་བརྗོད་ཀྱང་གཞོན་ནུ་ཟླ་མེད་ཀྱིས། །དེ་དག་ཁ་ཕོ་ཙམ་ཞིག་མ་ཡིན་མོད། །འོན་ཀྱང་ཐབས་མཁས་ཚིག་གིས་ཡིད་འོང་མའི། །ཕ་གཞིས་བཀོད་ལེགས་འོད་སྣང་དེ་ཉིད་ལ། །འཚེ་བར་མི་བྱ་བ་ཞིག་དགོས་སྙམ་སྟེ། །འཛུམ་པའི་མདངས་ཀྱིས་སྣང་བ་འབུམ་ལྡན་དེ། །ཐོག་མར་བཅོམ་ན་ཉམ་ཆུང་དགྲ་བོ་ཡང་། །ངང་གིས་འདུས་པར་འགྱུར་བས་རང་ཉིད་ནི། །དཔུང་གི་གཙོ་བོར་གནང་བ་སྩོལ་ཞུས་ཏེ། །བློན་ཆེན་རྣམས་ལ་ལུས་སྲུང་གོ་ཆ་ཡི། །ཡ་ལད་བཙན་པོ་ཕ་རོལ་འཇོམས་པའི་མཚོན། །བྱེ་བྲག་སྣ་ཚོགས་ཉེར་བསྡོགས་འགྲུབ་པར་བྱས། །དཔུང་ཚོགས་མྱུར་བསྐྱོད་དགོས་པའི་བརྡ་སྦྱར་ཞིང་། །མིག་གིས་མི་བཟོད་དཔུང་ཚོགས་བསྐྱོད་པ་ལ། །ཉེ་བར་ཕྱོགས་ཚེ་ཉི་མའི་བློ་གྲོས་ཀྱིས། །ན་ཚོད་ཕྲ་འདི་ངེས་པར་མ་རུང་པར། །འགྱུར་བས་ཅིས་ཀྱང་བཏང་བར་མི་རིགས་སོ། །སྙམ་ནས་བརྩེ་བའི་ཚིག་གིས་བཤོལ་ཐེངས་ཀྱང་། །དུ་མར་བཏབ་ཀྱང་བཟློག་པར་མ་ནུས་པས། །གཡུལ་ངོལ་རང་ལུས་སྲུང་དང་འཐབ་ཚོད་ཟིན། །མེལ་ཚེ་ཡེངས་མེད་བཅས་ལ་ནན་ཏན་དགོས། །ཉམ་ཐག་སྐྱབས་སུ་འོང་པའི་དགྲ་ལ་ཡང་། །མི་གཙེ་བསླུ་བྱེད་འབངས་ཁོལ་ལྟ་བུའི་ཕན། །འགའ་ཞིག་བསྒྲུབས་ཀྱང་བསྟེན་པར་མི་འོས་སོགས། །རང་གི་ཉམས་མྱོང་ལས་བརྩམས་གདམས་པར་བྱས། །མ་ཡུམ་རྣ་ཆ་འཛིན་གྱིས་དེ་བཞིན་དུ། །རྒྱལ་བུ་གཡུལ་ལ་འཇུག་པའི་སྡུག་བསྔལ་གྱིས། །ནོན་ཏེ་གོང་ལྟར་འགོག་པའི་ཐབས་བྱང་ཀྱང་། །གུས་པའི་ཚིག་གིས་མི་རིང་མཇལ་འགྱུར་བས། །ཐུགས་གདུང་སངས་པར་གནང་བར་རིགས་ཚུལ་བརྗོད། །ཡུམ་ཡང་མི་འདོད་བཞིན་དུ་རང་གནས་དོང་། །དེ་ནས་དཔུང་ཚོགས་རྒྱུ་སྐར་ས་གཞི་ལ། །འཕོས་པ་ལྟ་བུས་ཕོ་བྲང་ཕྱོགས་མཚམས་ཀུན། །གང་སྟེ་གོ་མཚོན་འོད་ཀྱིས་མུན་པ་ཡི། །གོ་སྐབས་འཕྲོག་པ་ཉིན་བྱེད་སྣང་བ་ལ། །འགྲན་པར་བཟོད་ཅིང་རྟ་གླང་ཤིང་རྟ་ཡིས། །ས་གཞི་དོག་པོར་བྱེད་ཅིང་རྡུལ་ཕྲན་གྱིས། །བར་སྣང་བསྒྲིབས་ཤིང་མཚོན་ཆའི་བྱེ་བྲག་རྣམས། །ནམ་མཁར་ཕྱར་བ་ཐོག་ལྷུང་འབྲུག་སྒྲ་བཞིན། །རུ་མཚོན་བ་དན་གཡོ་བས་བར་སྣང་གང་། །ཉི་ཟླའི་འོད་ཀྱང་མི་གསལ་ཚུལ་དུ་བྱེད། །དཔའ་བའི་ང་རོས་ནམ་མཁའ་རལ་སྙམ་པའི། །འཇིགས་ཟིལ་ཆེན་པོས་དཔའ་བའི་དབང་དང་ནི། །འཇིགས་མེད་བརྟུལ་ཞུགས་ལྡན་ལ་སོགས་པ་བཅས། །དཔུང་ཚོགས་ཡན་ལག་བཞི་ཡི་གཙོར་འཕགས་ནས། །ཕོ་བྲང་སྣང་བ་འབུམ་ལྡན་ཕྱོགས་སུ་ཆས། །བློ་གྲོས་མཆོག་ཏུ་གསལ་བ་ལ་སོགས་ཀྱིས། །དཔག་ཚད་དུ་མ་ཞིག་ཏུ་སྐྱེལ་མ་བྱས། །ཡབ་ཡུམ་བློན་འབངས་ཀུན་ལ་བསམས་བྱས་ནས། །དགྲ་ལ་ཧ་ཅང་མི་རྔམས་རྒྱལ་ཁའི་ངང་། །ལོག་ཕེབས་གསོལ་ཞིང་ཀུན་ཀྱང་འབྲལ་མི་བཟོད། །སྡུག་བསྔལ་ཚོར་བ་མྱོང་སྟེ་མཆི་མའི་ཆབ། །ཆར་བཞིན་འབབ་ནས་བཞིན་རས་བརླན་མཐོང་བས། །རྒྱལ་བུས་དབུགས་དབྱུང་གདམས་ངག་བརྗོད་པ་ན། །ཀུན་གྱིས་གུས་ཕྱག་ཕུལ་ཞིང་ལེགས་སོ་བརྗོད། །གཞོན་ནུ་ཟླ་མེད་དཔུང་བཅས་ལམ་དུ་ཞུགས། །དེའི་ཚེ་ཡིད་འོང་མ་ནི་ཕ་མ་ཡིས། །མངགས་པའི་ཕོ་ཉའི་འགྲུལ་མ་ཙམ་ཡང་མེད། །རྒྱལ་བུ་གཞོན་ནུ་ཟླ་མེད་ཕྱོགས་ནས་ཀྱང་། །གཏམ་ཙམ་མ་ཐོས་ཡུན་རིང་འགོར་བ་ཡིས། །ཡིད་སེམས་བློང་པོར་གྱུར་ཅིང་སྡུག་ཚོར་གྱིས། །ཡིད་དང་ལུས་ཉམས་ཞན་པར་གྱུར་ཡོད་དེ། །ནམ་མཁའི་སྤྲིན་དང་འདབ་ཆགས་ཁྱོ་ཤུག་ལའང་། །སྡུག་གླུ་ལེན་པར་བྱེད་ཅིང་ལེན་རེ་ལ། །རང་སེམས་རང་གིས་གསོ་བཞིན་ཡབ་ཉིད་ཀྱིས། །དད་རྟེན་ཕུལ་བའི་དེ་བཞིན་གཤེགས་པ་ཡི། །སྣང་བརྙན་དེ་ལ་དངོས་བཤམས་ཡིད་སྤྲུལ་གྱི། །མཆོད་སྤྲིན་ཕུལ་ནས་རེ་དོན་གསོལ་བ་དང་། །བླང་དོར་ལུང་སྟོན་བྱིན་རླབས་སྐུལ་བར་བྱེད། །སྟོན་པའི་སྐུ་དེས་ཁྱོད་ཀྱི་དོན་མྱུར་དུ། །འགྲུབ་ཅེས་ལུང་དུ་བསྟན་པས་ཁོང་སྦས་ཀྱང་། །གསལ་བའི་སྤྲོ་བ་ཕྱི་རུ་མངོན་པ་ན། །ལྷ་ལས་ཕུལ་བྱུང་དོགས་པར་གྱུར་ཏེ་ནི། །རྒྱུ་མཚན་དྲིས་ཚེ་དེ་སྔོན་རང་ཉིད་ནར། །མ་སོན་ཁྱོད་ལྷན་འགྲོགས་པའི་སྐལ་མ་བྱུང་། །གལ་ཏེ་སྲིད་པའི་རྒྱན་གྱི་དཔུང་ཚོགས་རྣམས། །ལྷགས་ན་རང་ཅག་ལ་ནི་བློ་གྲོས་དང་། །སྙིང་སྟོབས་ལྡན་པའི་བློན་པོ་ཉུང་བས་ན། །དོ་ཟླ་མི་འོང་སྙམ་དུ་གདུང་བ་ཡིན། །ད་ནི་རིང་པོ་མི་ཐོགས་རྩེ་དགའ་ལ། །ཉམས་སུ་མྱོང་བའི་སྐལ་བཟང་ཐོབ་ནུས་ཁར། །སྲིད་པའི་རྒྱན་གྱི་དཔུང་བཅས་ལྷག་ནའང་། །བློ་གྲོས་སྙིང་སྟོབས་ལྡན་པའི་བློན་པོ་ནི། །སྲིད་པ་གཞོན་ནུ་རང་རེར་དབང་ཡོད་པས། །ཡིད་སེམས་ཤིན་ཏུ་བག་ཕེབས་གནས་པས་ན། །ཡིན་ཞེས་སྨྲས་པས་ལྷ་ལས་ཕུལ་བྱུང་ཡང་། །ཡིད་འོང་མ་ལ་རང་ལ་མི་ལྷོད་པའི། །བརྩེ་བ་ལྡན་ཞིང་སྲིད་པ་གཞོན་ནུ་ལ། །ཡིད་བརྟན་རུང་བར་རློམ་ནས་སྤྲོ་བ་བརྟས། །ཡིད་འོང་མ་ཡིས་སྲིད་པ་གཞོན་ནུ་ལ། །ལྐོག་ཏུ་ལུང་བསྟན་དོན་སྨྲས་མི་རིང་བར། །འཇིགས་རུང་དཔུང་ཚོགས་འདེགས་པར་གདོན་མི་བྱ། །ཁྱོད་ཀྱིས་ཕན་ལྟར་གྱིས་ལ་གནོད་པ་ཡི། །ཐབས་ལ་བརྩོན་པར་གྱིས་ཤིག་ཅེས་བསྒོས་ལ། །དེས་ཀྱང་དུས་ཡིན་སྙམ་སྟེ་ཐབས་ལ་བསམས། །ཐོག་མར་ཐབས་ཀྱིས་རྒྱལ་པོའི་བཞོན་པ་མཆོག །གླང་པོ་སྤྲིན་དཀར་སྟོབས་ལྡན་བྱ་བ་བསད། །བརྟག་མཁན་རྣམས་ལ་འབངས་ཁོལ་ཡིན་པ་རུ། །རྟོགས་སུ་བཅུག་ནས་འབངས་ཁོལ་མིག་ཡན་ལག །སྙིང་བཅས་ཕྱུང་སྟེ་ཚར་དུ་བཅད་པ་ལ། །རང་ལ་རྒྱལ་སྲས་ལྷ་ལས་ཕུལ་བྱུང་གིས། །བྱ་དགའ་ཐོབ་ཅིང་རྒྱལ་ཁབ་གཉིས་པོ་ཡི། །དམན་ལྷག་དང་ནི་གཞོན་ནུ་ཟླ་མེད་དང་། །བློན་པོའི་གནས་ཚུལ་ཇི་ཡིན་དྲིས་པའི་ཚེ། །སྲིད་པའི་རྒྱན་ནི་འདི་ལས་ཅུང་ཟད་དམན། །གཞོན་ནུ་ཟླ་མེད་རིག་པའི་གནས་ཀུན་ལ། །བློ་གྲོས་འཇུག་པ་ཡངས་པ་ཙམ་ཞིག་ལས། །དྲག་ལས་སྤྱོད་ན་ལྕགས་སྣའི་ཞུན་ཐིགས་ལས། །གྲུབ་པའི་གོ་ཆ་གཞོམ་དུ་མེད་པ་ཞིག །མཆིས་པར་ཕ་རོལ་མཚོན་ཆའི་གནོད་པ་ཡིས། །བརྫི་བར་མི་ནུས་གྲགས་སྙན་རིང་དུ་ཁྱབ། །འོན་ཀྱང་འཇིགས་མེད་དཔའ་བོའི་ཁྱུ་མཆོག་ཏུ། །གྲུབ་པའི་ཁྱད་ཆོས་ཅི་ཡང་མ་མཆིས་ལ། །བློན་པོ་བློ་གྲོས་ལྡན་པ་འབངས་ཁོལ་དང་། །སྙིང་སྟོབས་ལྡན་པ་བདག་ཉིད་ལ་གྲགས་སོ། །གལ་ཏེ་ཁྱོད་ལའང་ལྕགས་སྣའི་ཞུན་ཐིགས་ལས། །གྲུབ་པའི་གོ་ཆ་དེ་ལྟར་ལྡན་པ་ན། །གངས་རི་ཟླ་བས་གསལ་བ་དེ་འདྲ་འོ། །འོ་ན་དེ་འདྲ་སྒྲུབ་ཐབས་ཡོད་དམ་ཞེས། །དྲིས་པའི་ལན་དུ་འབངས་མི་ཁྱིམ་རེ་ནས། །ལྕགས་རྣོ་ལྡན་པ་ཁུར་བོ་རེ་བསྡུས་པར། །ཡང་སྙིང་ཞུན་ཐིགས་མཛུབ་མོ་ཙམ་རེ་ཡོང་། །ཁྲབ་ཀྱི་བྱང་རེ་བྱས་ཏེ་བསྒྲུབ་ན་འགྲུབ། །འོན་ཀྱང་རྒྱལ་པོར་གྲགས་ངན་མི་སྒྲོག་གམ། །སྨྲས་པར་ལྷ་ལས་ཕུལ་བྱུང་སྤྲོ་བར་གྱུར། །ཡབ་ལ་དེ་ལྟར་ཞུས་པས་ཡབ་ཀྱང་མོས། །དེ་ལྟར་བརྡ་སྦྱོར་བྱས་ཤིང་འབངས་རྣམས་ཀྱི། །གོ་མཚོན་མདེའུ་ཚང་མ་བཞུ་བཏུལ་བྱས། །མ་ཟད་སོལ་བའི་ཆེད་དུ་སྒོ་ཐེམ་ཡང་། །བསྲེགས་ནས་ལྕགས་སྣའི་ཞུན་ཐིགས་རྡུང་སྤྱད་ཀྱི། །ལག་ཆར་ལྕགས་ཉིད་མི་རུང་རྡོ་བ་ལ། །ཁ་དོག་སྨུག་པོ་དབྱིབས་གཟུགས་གྲུ་བཞི་ཅན། །མལ་གཞི་གཏུན་བུའི་དབྱིབས་ཅན་ཐོ་བ་དགོས། །བརྗོད་ནས་རྨོངས་པར་བྱས་ཏེ་ཐབས་མཁས་ཀྱིས། །བཙན་མཁར་བཤིག་ཏུ་བཅུག་རྗེས་བདག་གི་ནི། །རེ་བ་ཕལ་ཆེར་རྫོགས་པས་རི་བྱ་བཞིན། །འབྲོས་པའི་དུས་སུ་བབ་པར་བསམས་ཏེ་ནི། །ལྷ་ལས་ཕུལ་བྱུང་ཉིད་ཀྱི་བཞོན་པ་མཆོག །རྟ་མཆོག་རླུང་གི་འདབ་གཤོག་ཅན་ཞེས་པ། །བཞོན་ནས་མཚན་ཐོག་སྲིད་པའི་རྒྱན་ཕྱོགས་འགྲིམས། །དེ་ཡི་ནངས་པར་རྟ་མཆོག་མེད་པར་ཤེས། །སྲིད་པ་གཞོན་ནུའང་མཐོང་རྒྱུ་མེད་པར་གྱུར། །གཡོ་འོག་ཚུད་པ་རྟོགས་ཏེ་རྒྱལ་པོ་ལ། །ངན་སྨྲས་ཤབ་ཤུབ་བརྗོད་ཚེ་འབངས་ཕལ་བར། །བཀོད་པའི་བློན་པོ་ཚངས་པའི་བློ་ལྡན་ཞེས། །རྒྱལ་འབངས་མཐུན་པའི་ཐབས་ལ་མཁས་པ་དེས། །རྒྱལ་པོའི་བཀའ་བཞིན་སྲིད་པ་གཞོན་ནུ་དེ། །ལག་རྩེར་སོན་པར་བྱ་དགོས་སྨྲས་པ་དང་། །བློན་པོ་རྒོལ་བའི་གཤད་མ་ར་མདའ་ལ། །སྐྱེ་བོ་བརྒྱ་ཕྲག་དང་བཅས་ལམ་ལ་ཆས། །དེ་རྣམས་བྱ་ངལ་ལྷུན་པོ་ཞེས་པའི་འདབས། །བསླེབས་སྐབས་སྲིད་པ་གཞོན་ནུ་རི་ཡི་རྩེར། །བརྟོལ་ཞིང་ཕ་རོལ་ཐ་གྲུ་ཡངས་པོ་རུ། །སྲིད་པའི་རྒྱན་གྱི་དཔུང་ཚོགས་རྒྱ་ཆེན་པོ། །སྣང་བས་དགའ་བཞིན་གཞོན་ནུ་ཟླ་མེད་དང་། །འཁོར་ཚོགས་མདུན་སར་ཉེ་ཞོ་མེད་པར་ལྷགས། །ཇི་ལྟར་གྱུར་པའི་གནས་ཚུལ་གསོང་པོར་ཞུས། །ཐམས་ཅད་ངོ་མཚར་གྱུར་པ་མ་ཟད་པའི། །རྒྱལ་བུས་བསྟོད་ཅིང་སྙིང་སྟོབས་བསྐྱེད་པར་སྐུལ། །རྒོལ་བའི་གཤེད་མ་ལྷུན་རྩེར་བསླེབས་པ་ན། །ཕ་རོལ་དཔུང་ཚོགས་མཐོང་བས་ཇི་ལྟར་ཀྱང་། །ལན་གཅིག་མ་འཐབ་ལྡོག་ཐབས་མེད་སྙམ་ཡང་། །ཚང་མས་བཀག་པས་མ་ལོག་ཀ་མེད་བྱུང་། །རྒྱལ་པོ་ཟླ་བའི་བློ་གྲོས་ཡབ་སྲས་ལ། །སྤྱོ་ཞིང་གཤེ་བའི་ཚིག་གིས་གནས་ཚུལ་སྨྲས། །ཐམས་ཅད་ཅི་ཡང་མི་སྨྲ་གནས་པའི་ཚེ། །བློན་པོ་བློ་ལྡན་དཔའ་བོ་ཞེས་པ་ཡིས། །སྤུ་གྲི་རྣོན་པོའི་སོ་ལ་ཁུ་ཚུལ་གྱིས། །བརྡེག་པའི་གྱ་ཚོམ་ལས་དེར་འགྱོད་ནོངས་ཀྱི། །བཟླས་བརྗོད་བྱས་པས་ཅི་ཡང་མི་ཕན་པས། །རྒྱལ་འབངས་རྣམས་ཀྱིས་དཔུང་འདེགས་འོས་ཚུལ་བརྗོད། །དེ་ལྟར་རིགས་པར་སྙམ་ནས་མྱུར་དུ་དཔུང་། །འདེགས་པའི་བཀའ་བསྒྲགས་འབངས་རྣམས་ད་ནི་གཡུལ། །འཇུག་ཏུ་སླ་བ་མ་ཡིན་ཞེས་སོགས་ཚིག །ཤུབ་བུར་སྨྲ་ཞིང་མི་མཐུན་ཚིག་གིས་ལྟ། །གན་མཛོད་ནང་གི་མཚོན་དང་བྱ་དགའ་རྣམས། །བསྟབས་ཏེ་བཙན་གྱིས་བསྐུལ་བས་དཔུང་འདུས་ཀྱང་། །དོན་གྱིས་མཚོན་ཆ་ཟོལ་གྱིས་བཟུང་བ་དང་། །གཡུལ་ཡང་ཟོལ་གྱིས་བསྲེ་བའི་བསམ་པས་གནས། །སྲིད་པའི་རྒྱན་གྱི་དཔུང་ཚོགས་ལྷག་པ་ན། །སྣང་བ་འབུམ་ལྡན་དཔུང་རྣམས་ལྕགས་རིའི་ཕྱིར། །འདའ་བར་མ་ནུས་གནས་དེར་བསྡད་པས་ན། །སྲིད་པའི་རྒྱན་གྱི་དཔུང་གི་རེ་ཞིག་གླགས། །མ་རྙེད་ཕྲུ་མ་བཏབ་སྟེ་བསྡད་པའི་སྐབས། །ཡིད་འོང་མ་ཡིས་རྒོལ་བ་འདི་དག་རྣམས། །ཆམ་ལ་འབེབས་པའི་ཐབས་ཤིག་བྱ་སྙམ་ནས། །ལྷ་ལས་ཕུལ་བྱུང་དེ་ལ་དགྲ་བོའི་དཔུང་། །དུབ་པའི་སྐབས་འདི་འདུལ་བའི་དུས་ཡིན་པར། །བསྐུལ་བས་དེ་དག་བདེན་པར་འདུག་སྙམ་སྟེ། །ལྷ་ལས་ཕུལ་བྱུང་བློ་རྒོད་ཐར་ལེགས་དང་། །རྒོལ་བའི་གཤེད་མ་དང་ནི་སྙིང་སྟོབས་ཅན། །དཔའ་བའི་ཕུལ་དུ་ཕྱིན་པ་བཅས་དང་ལྷན། །དཔུང་ཚོགས་ཁྲིད་དེ་ལྕགས་རིའི་ཕྱི་རོལ་ཏུ། །འདོང་ལ་ཉེ་སྐབས་དྲང་པོར་སྨྲ་བའི་བློན།  །སྙིང་སྟོབས་ཅན་དེ་མི་རྟགས་ལམ་དུ་བཀོད། །སྲིད་པའི་རྒྱན་གྱི་བློ་ལྡན་དཔའ་བོ་དང་། །སྲིད་པ་གཞོན་ནུ་འཇིགས་མེད་དཔུང་འཇོམས་སོགས། །ཞུམ་མེད་གད་རྒྱངས་བསྒྲགས་ཤིང་སྤྲོ་བས་མྱོས། །ཞེ་སྡང་དྲག་པོའི་ངང་ནས་གཡུལ་བཀྱེས་པས། །ཉིན་དེར་སྐྱེ་བོ་གྲངས་མེད་མ་རུང་པར། །བྱས་ཀྱང་གཙོ་བོ་རྣམས་ལ་གླགས་མ་རྙེད། །དཔའ་སྟོབས་ལྡན་པའི་བློན་པོ་གཞན་གྲས་ནས། །གཞོན་ནུ་ཟླ་མེད་དངོས་སུ་གཡུལ་མདུན་བུད། །བདག་ནི་འཁོན་པར་གཞི་རུ་གྱུར་པ་ཡི། །གཞོན་ནུ་ཟླ་མེད་བྱ་བ་དེ་ཡིན་སྨྲས། །ཐམས་ཅད་མཐོ་ལ་འཚམས་པར་འབད་བྱས་ཀྱང་། །གནོད་པར་མ་ནུས་འདི་ནི་སྒྱུ་མ་ཡི། །སྐྱེ་བུ་ཡིན་མིན་སྙམ་ཞིང་དོགས་པར་གྱུར། །དུང་གཞུ་བཀུགས་ཏེ་བྲག་རི་དུམ་བུར་བྱས། །སོར་མོ་རེ་རེས་བློ་ལྡན་དཔའ་བོ་སོགས། །ལན་གསུམ་བསྐོར་ཞིང་སར་བརྡབ་ར་རོལ་བྱས། །གཡུལ་འབྱེད་ཕམ་ལ་ཕྱོགས་པའི་སྐབས་དེ་དུས། །ལྷ་ལས་ཕུལ་བྱུང་དེ་ཡིས་དམག་མི་ཡི། །ཉེས་སོ་ཞེས་ནས་དུ་མ་ཁྲིམས་ལ་སྦྱར། །ཞོགས་པར་ལྷ་ལས་ཕུལ་བྱུང་ཕོ་བྲང་དུ། །འགྲོ་བ་ཤེས་ཏེ་འབུམ་ཕྲག་དོ་ཟླས་བཟུང་། །བློན་པོ་དག་གི་སྲོག་ལ་མ་གཙེས་སོ། །ངང་ཚུལ་དེ་མཐོང་ཟླ་བའི་བློ་གྲོས་ཀྱང་། །སྡུག་སྐད་འབྱིན་ཞིང་ཚངས་པའི་བློ་ལྡན་གྱིས། །སྨྲས་བཞིན་གཞོན་ནུ་ཟླ་མེད་ཕོ་བྲང་དུ། །གདན་འདྲེན་མ་མོས་ཐབས་མེད་བྱུང་བ་དང་། །ཡིད་འོང་མ་ནི་རྒྱལ་བུར་མི་རིང་བར། །མཛའ་བར་འགྱུར་རོ་སྙམ་ནས་དགའ་ན་ཡང་། །གཡུལ་ངོར་སྐྱེ་བོ་གྲངས་ལས་འདས་པ་ཡི། །སྲོག་གི་འདུ་བྱེད་བཏང་ཞིང་ཉམས་ཉེས་པར། །གྱུར་པ་འདི་རྣམས་བདག་ཉིད་ཁོ་ནའི་ཕྱིར། །སྙམ་ནས་སྙིང་རྗེ་བཟོད་གླགས་མེད་པ་སྐྱེས། །གསོལ་བ་འདེབས་ཤིང་རང་གི་ལུས་རྒྱན་རྣམས། །མཆོད་པའི་ཡོ་བྱེད་བསྒྱུར་ནས་མཆོད་པ་བྱས། །དེ་ནས་སྣང་བ་འབུམ་ལྡན་ཕོ་བྲང་ལ། །བཀོད་པ་ཁྱད་པར་འཕགས་པ་མངོན་པར་བྱས། །ཚངས་པའི་བློ་ལྡན་གཞོན་ནུ་ཟླ་མེད་ཀྱི། །སྤྱན་འདྲེན་ཕོ་ཉར་མངགས་ཤིང་ཕེབས་བསུ་ཞུས། །ཡིད་འོང་མ་ཡང་དགའ་བ་འབུམ་གྱིས་མྱོས། །བཞིན་དང་མཆོར་སྒེག་ཆ་བྱེད་རྫོགས་པའི་སྒོས། །གཞོན་ནུ་ཟླ་མེད་ག་ལ་བ་དེར་ལྷགས། །རྒྱལ་པོ་ཟླ་བའི་བློ་གྲོས་ཡབ་སྲས་དང་། །བློན་འབངས་ཀུན་གྱིས་གཞོན་ནུ་ཟླ་མེད་ལ། །ཤིན་ཏུ་གུས་ཤིང་གཙུག་ནོར་ལྟར་མཆོད་དོ། །དེ་ནས་བག་མའི་དགའ་སྟོན་ཆོ་ག་དེ། །ཉིན་བདུན་རྒྱས་པར་སྤེལ་ཞིང་ཉིད་བརྒྱད་པར། །གཞོན་ནུ་ཁྱོ་ཤུག་འདུ་བར་གྱུར་པ་དང་། །མཛའ་བའི་གཏམ་གྱིས་ཕན་ཚུན་དབུགས་འབྱིན་ཐོབ། །དེ་ལྟར་རེ་ཞིག་སྣང་བ་འབུམ་ལྡན་གནས། །སྲིད་པའི་རྒྱན་དུ་ཉི་མའི་བློ་གྲོས་དང་། །འཁོར་བཅས་སྐྱེད་ཚལ་རྩེད་འཇོར་རོལ་པའི་ཚེ། །པད་མའི་སྨྱུག་གུའི་མཛེས་སྡུག་མེ་ཏོག་གིས། །རྒྱལ་པོའི་ཡིད་དབང་ཤིན་ཏུ་འཕྲོག་པར་གྱུར། །ཕྱི་ཉིན་ནངས་པར་པད་མའི་སྨྱུག་གུ་ལ། །བུ་མོ་མཆོད་པའི་སྤྲིན་དུ་རིགས་ཚུལ་བརྗོད། །མཐའ་མར་བློན་པོའི་རེ་འདོད་ཇི་ལྟ་བར། །རིགས་སྲས་བྱུང་ཚེ་རྒྱལ་སྲིད་ལ་འགོད་པའི། །དམ་བཅའ་བྱས་ཏེ་བཀག་ཀྱང་མ་ནུས་པར། །བུ་མོ་མཛེས་སྡུག་མེ་ཏོག་བདག་ཏུ་བཟུང་། །དེ་ནས་གཞོན་ནུ་ཟླ་མེད་འཁོར་བཅས་ཀྱིས། །སྣང་བ་འབུམ་ལྡན་ཆོས་མཐུན་ལམ་དུ་བསྒྱུར། །སྲིད་པ་གཞོན་ནུ་དར་རྒྱས་སུ་སྐྱོང་བའི། །བྱེད་པོར་བསྐུར་ཏེ་རང་དང་ཡིད་འོང་མ། །འཁོར་ཚོགས་ཟླ་བའི་བློ་གྲོས་ཡབ་སྲས་བཅས། །གྲོང་ཁྱེར་པད་མ་རྒྱས་པའི་ཕྱོགས་སུ་ཕེབས། །སྲིད་པའི་རྒྱན་དུ་བསུ་སྟོན་རྒྱ་ཆེན་བྱས། །རྒྱས་སྲས་བློན་འཁོར་ཕན་ཚུན་དགའ་བའི་གཏམ། །མང་དུ་བྱེད་སྐབས་མ་ཡུམ་རྣ་ཆ་འཛིན། །སྲོག་དབང་རྙེད་པ་ལྟ་བུའི་དགའ་བ་དང་། །རྒྱལ་པོའི་སྤྱོད་པར་མ་རངས་ཕྲག་དོག་བཅས། །ཇི་ལྟར་གྱུར་པའི་གནས་ཚུལ་གསོང་པོར་སྨྲས། །གཞོན་ནུས་རྒྱལ་པོར་ཡོན་ཏན་ཀུན་ལྡན་པའི། །མ་ཡུམ་རྣ་ཆ་འཛིན་ཉིད་སྤངས་ཏེ་ནི། །གཡོ་སྒྱུས་འཚོ་བ་མཛེས་སྡུག་མེ་ཏོག་དེ། །བདག་གིར་རིགས་སམ་ཞེས་ནས་མ་རངས་པའི། །གཏམ་དག་སྨྲས་ཚེ་རྒྱལ་པོ་སྐྱེངས་བཞིན་དུ། །ཇི་ལྟར་སྤང་སྟེ་ཆེ་ཆུང་གོ་བབས་དང་། །ལྡན་པར་རྗེས་སུ་སྐྱོང་བར་བྱེད་ཅེས་གསུངས། །རིང་པོ་མ་ཐོགས་མཛེས་སྡུག་མེ་ཏོག་ལ། །རིགས་གཟུགས་ཕུན་སུམ་ཚོགས་པའི་བུ་ཞིག་བཙས། །བརྟག་པ་རྣམ་པ་བརྒྱད་ལ་མཁས་པ་ཡི། །གཞོན་ནུ་ཟླ་མེད་མཆོག་ལ་མཚན་བརྟག་བཅུག །ངོ་མཚར་སྨོན་ཚིག་བརྗོད་ཅིང་མིང་ལ་ཡང་། །དགའ་བའི་རོལ་མཚོ་ཞེས་སུ་བཏགས་པ་དང་། །ཆུང་ངུ་ཉིད་ནས་རིག་གནས་སྒྱུ་རྩལ་ལ། །བརྩོན་པས་རིང་པོ་མ་ཐོགས་བྱང་ཆུབ་གྱུར། །སྐབས་ཤིག་ཡིད་འོང་མ་ཡིས་ཕ་ཡུལ་དྲན། །དོན་མཐུན་གཏམ་དག་དྲན་པའི་གསལ་འདེབས་གྱུར། །གཞོན་ནུ་ཟླ་མེད་མཆོག་ལ་རེ་ཞིག་ཏུ། །ཡབ་ཡུམ་གམ་དུ་ཕྱིན་རྒྱུའི་རེ་བ་སྟོན། །གཞོན་ནུས་རང་ཉིད་སྒྲིབ་པ་སྦྱངས་ཕྱིར་དུ། །དྲང་སྲོང་ཆེན་པོར་སློབ་པར་རིགས་ཚུལ་དང་། །ཁྱོད་ཀྱང་ཡབ་ཡུམ་མཇལ་ནས་གདུང་བ་ཞི། །དམ་པའི་སྤྱོད་པས་འཚོ་བར་འོས་ཚུལ་སྨྲས། །བྲལ་བས་ཉེན་པའི་མིག་ནི་མཆི་མས་གང་། །ཕུན་སུམ་ཚོགས་པའི་དཔྱ་སྐྱེས་དག་དང་བཅས། །ཕ་ཡུལ་བཀོད་ལེགས་འོད་སྣང་ཕྱོགས་སུ་ཆས། །ཡབ་ཡུམ་མཇལ་ཞིང་བག་ཕབས་ངང་དུ་གནས། །དེའི་ཚེ་རྒྱལ་བུ་དགའ་བའི་རོལ་མཚོ་ཡང་། །བསྐྱེད་ཆེར་བསྲིངས་ལ་ཉི་མི་བློ་གྲོས་ཉིད། །ན་ཚོད་ཆེ་བས་རྒྱལ་སྲིད་སུ་ཞིག་ལ། །དབང་བསྐུར་བྱ་བར་རྨོངས་པ་དེ་ཡི་ཚེ། །བློན་འཁོར་རྣམས་ཀྱིས་སྨྲས་པ་དེ་བཞིན་དུ། །གཞོན་ནུ་ཟླ་མེད་སྲིད་ཁྲིར་མངའ་གསོལ་ཞིང་། །དགའ་བའི་རོལ་མཚོ་དར་ལ་བབས་པ་ན། །སྔར་གྱི་དམ་བཅའ་བཞིན་དུ་རྒྱལ་སྲིད་དེར། །གཏོད་རྒྱུ་བྱས་པས་གཞོན་ནུས་ཡང་ཡང་དུ། །རང་ཉིད་ཞི་བ་བསམ་གཏན་སྤྱོད་རྒྱུ་དང་། །རྒྱལ་སྲིད་ནུ་བོར་གཏད་རྒྱུར་ཞུས་ཀྱང་ནི། །ཀུན་གྱིས་ནན་ཏན་ཆེན་པོས་གསོལ་བཏབ་པས། །རེ་ཞིག་དེ་ལྟར་བྱ་རྒྱུའི་ཁས་ལེན་མཛད། །དམ་པའི་ལུགས་དང་མི་འགལ་ཆོས་མཐུན་པའི། །ཁྲིམས་བཅས་སྐྱེ་དགུ་བདེ་ཐབས་ལྷུར་ལེན་གྱིན། །སྒྲིབ་སྦྱོང་བདེ་བར་བགྲོད་ལམ་སྟོན་པ་པོ། །བཙལ་དགོས་བསམ་ནས་དགེ་བའི་གཤེས་གཉེན་དུ། །ཆོས་ཀྱི་དབང་ཕྱུག་ཅེས་པ་གདན་འདྲེན་པའི། །ཕོ་ཉར་བློན་པོ་ཤེས་བྱ་ལྡན་མངགས་པས། །གདན་འདྲེན་ཞུས་ཏེ་ཆོས་སྦྱིན་རྒྱ་ཆེར་བསྩལ། །གཞོན་ནུར་ཆོས་མིག་རྣམ་པར་དག་པ་ཐོབ། །སྦྱིན་པའི་བྱ་བས་དགེ་བ་རྒྱ་ཆེར་བསྐྲུན། །སྐབས་དེར་ཟླ་བའི་བློ་གྲོས་ཡབ་སྲས་ཀྱིས། །སྣང་བ་འབུམ་ལྡན་སླར་སྩོལ་ཡོང་བར་ཞུས། །རྒྱལ་སྲིད་ཆོས་བཞིན་སྐྱོང་རྒྱུའི་དམ་བཅས་པས། །གཞོན་ནུ་ཟླ་མེད་མཆོག་གིས་སླར་གནང་ངོ་། །སྦྱིན་པས་བང་མཛོད་སྟོངས་ལ་ཉེ་བ་ན། །པད་མའི་སྨྱུ་གུ་སྣ་བོ་འགའ་ཤས་ཀྱིས། །རྒྱལ་པོར་མ་རངས་པ་ཡི་གཏམ་སྨྲས་ཤིང་། །མཛེས་སྡུག་མེ་ཏོག་ལ་ཡང་ཡབ་སྲས་བར། །ཕན་ཚུན་དབྱེན་སྦྱོར་དགོས་པར་གདམས་པ་ན། །གཞོན་ནུས་རང་ལ་ཡིད་འོང་མ་ལྟར་དུ། །སྙིང་ནས་མཛའ་བར་བྱས་ན་མི་འབྱེད་དོ། །སྙམ་ནས་ནུབ་གཅིག་གཞོན་ནུའི་བསྟི་གནས་སུ། །སོང་སྟེ་དགའ་བས་ཚིམ་པར་རེ་བ་ཞུས། །དེ་ཡིས་གཞོན་ནུ་ཟླ་མེད་འཁོར་བ་ལ། །སྐྱོ་བའི་རྐྱེན་གཞན་ཞིག་ཏུ་གྱུར་ནས་ནི། །སུས་ཀྱང་འགོག་པར་མ་ནུས་རྒྱལ་སྲིད་དེ། །མཆེད་ཟླར་བྱིན་ནས་དཀའ་ཐུབ་གནས་ལ་བྱོན། །མཆེད་ཟླའང་ཕྱི་བཞིན་འབྲང་རྒྱུར་ཞུས་ཀྱང་ནི། །རང་ཉིད་གཅིག་པུར་དབེན་པའི་སྒྲུབ་གནས་གཤེགས། །སྲིད་པ་གཞོན་ནུས་སྣང་བ་འབུམ་ལྡན་གྱི། །རྒྱལ་སྲིད་ཟླ་བའི་བློ་གྲོས་ཡབ་སྲས་ལ། །བྱིན་ནས་ལྡོག་སྐབས་ངང་ཚུལ་དེ་མཐོང་ཞིང་། །གནས་ཚུལ་ཤེས་པས་གཞོན་ནུའི་ཕྱི་རྗེས་སྙེག །ཡིད་འོང་མ་ཉིད་ཕྱིར་ལ་བསླེབས་ཚེ་ཡང་། །གཞོན་ནུ་ཟླ་མེད་མཆོག་གི་ཕྱི་བཞིན་འབྲངས། །མཐའ་མར་གཞོན་ནུ་ཟླ་མེད་རྒྱལ་སྲས་ཀྱི། །སྤྱོད་པ་རླབས་ཆེན་ཡོངས་སུ་རྫོགས་པ་དང་། །རྣམ་གྲོལ་བརྟན་བདེའི་གོ་འཕང་དམ་པ་བརྙེས། །སླར་ཡང་མཐའ་ཡས་འགྲོ་བ་འདྲེན་པ་རུ། །དམ་བཅས་སྲིད་པའི་རྒྱན་དུ་ཞབས་སོར་བཀོད། །བཤེས་གཉེན་ཆོས་ཀྱི་དབང་ཕྱུག་མཆོག་དང་ལྷན། །ཆོས་ཀྱི་རྣམ་གྲངས་མང་པོས་གདུལ་བྱ་སྤྱི། །བྱེ་བྲག་མང་པོ་ཐར་པའི་ལམ་བཀོད་དོ། །    ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༄༅། །《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཚིགས་བཅད་དུ་མདོར་བསྡུས་པར་བྱས་པ་བཞུགས་སོ། །

2013-06-19 སྦྱིན་པ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།