སྒྲོལ་མ།
ཕྱི་ཡི་ལང་ཚོ་སྒྲོལ་མའི་རྒྱ་མཚོ།།
རླབས་ཀྱི་འགྱུར་བ་སྣ་ཚོགས་མོད་པོ།།
རྒྱུ་དང་ནོམ་པ་འཛོམ་པའི་རིགས་ལ།།
ལུས་སེམས་བདེ་བའི་མལ་དུ་ལུས་སོང་།།
ཆེན་པོ་སུ་ཡིན་གང་གི་རྗེས་འཇུག།
འཁོར་བའི་སྙིང་བོར་སྒོམ་པའི་ཚོགས་རྣམས།།
རང་དང་འདོད་པ་དབྱེར་དུ་མེད་པའི།།
སྡུག་གི་འཁོར་བའི་ཀློང་ལ་སིམ་འདུག།
རོ་མངར་ལྡན་པ་སྒྲོལ་དཀའི་གནས་ལ།།
ཞེན་ཅིང་མྱོང་བའི་སྐལ་བ་མེད་པའི།།
ཐོབ་མེད་སྨོན་ལ་སྨོད་པའི་ཚོགས་ཀྱང་།།
རང་བཞིན་སྟོང་བའི་དབྱིས་སུ་འཐིམ་འདུག།
ལུས་སེམས་མཉམ་པ་སྒྲོལ་མའི་དཔུང་ཚོགས།།
བདེ་བའི་དཀྱིལ་ལ་ཁྲ་རུ་བཏབས་ནས།།
ལྷ་དང་བླ་མ་མགྲོན་དུ་ཕེབ་པར།།
ལས་དང་འབྱུང་བས་རིང་ནས་བསུས་འདུག།
ནང་གི་བརྩེ་བ་སྒྲོལ་མའི་ལྷ་ཚོགས།།
མཆོག་དམན་བར་མའི་སྙིང་གི་དཀྱིལ་ལ།།
འོད་དུ་ཞུ་ནས་སེམས་སུ་གཤེགས་པར།།
ཉེ་དང་རིང་བ་མེད་པ་མཚར་སྡུག།
མཚར་བའི་གནས་འདི་མཚར་བར་བརྩིས་ན།།
ཡང་དག་འཚོ་བའི་རོ་མངར་ཚོར་ཡོང་།།
མངར་སྐྱུར་གཉིས་འཛོམས་འཁོར་བའི་བཅུད་ལ།།
སྒྲོལ་མའི་ཚོགས་ཀྱིས་འཚང་ཁ་རྒྱབ་འདུག།།
ལྷ་དང་མི་ལ་དབྱེ་བ་མེད་པར།།
སྣོད་དང་བཅུད་ལ་སྒྲོལ་མས་ཁྱབ་ན།།
རྣམ་ཤེས་མོད་པའི་ཟུར་བའི་ཚོགས་ལ།།
བཙན་ས་ཟིན་པའི་བདག་ཅིག་ལོས་ཡོད།།
རྩོམ་ཁུངས། ངེད་དྲ་བ།