ལས་ཀྱི་སྣེ་མོ།
གཞས་ཀྱི་རྣ་ལུང་བཏགས་པའི་བུ་མོ་དེ།།
བདག་གི་མགྲོན་དུ་འབྱོར་པའི་ཁུ་བྱུག་ཅིག །
ལས་ཀྱི་རི་མོ་རྣོག་པའི་དབང་ཆ་འདི།།
སུ་ཡིས་གང་ལ་སྤྲད་པ་བདེན་དུ་ངེས།།
འཁྲུལ་གྱི་སྨུག་པས་བཟུང་བའི་ཁ་ཡིག་འདི།།
རྒྱང་ནས་འཐེན་ཏེ་ང་ལ་མཐུད་པའི་འཕྲོེར།།
ལན་གྱི་རྣམ་འགྱུར་དབེན་པའི་གྱེས་སྟངས་འདི།།
ཅི་འདྲའི་བློ་ལས་ཤོར་བའི་རླུང་བུ་ཞིག །
ང་ཡི་རྐང་ལམ་སྣེ་མོའི་འོད་ཟེར་དེར།།
སུ་ཡི་སོ་ཕྲེང་དགོད་པའི་རྟེན་འབྲེལ་གྱི།།
ཡིད་ཀྱི་མཁའ་ལ་ཤར་བའི་སྣང་བརྙན་དེར།།
རློམ་པའི་ལག་པ་འགྱོག་པའི་དཔའ་བོ་སུ།།
ལམ་གྱི་མེ་ཏོག་དཀར་པོའི་ལོ་མའི་སྟེང་།།
ཤིན་ཏུ་ཆུང་བར་བཞད་པའི་འཕྲིན་ཡིག་འདི།།
སེམས་སུ་སྦས་ནས་བཞག་པའི་སྙིང་གི་གཏམ།།
ཚིག་ཕྲེང་ཐུང་ངུར་དྲིལ་བའི་ངོ་མའི་སྐད།།
ང་ཡི་འཚོ་བ་འོ་མ་ཕོར་བ་གང་།།
དེ་ཡི་ཁ་དོག་མ་ནོག་འདི་འདྲ་བ།།
བཅུད་ཀྱི་མར་ལོ་བཏོན་ན་བདེ་སྐྱིད་ཡིན།།
ཕོར་ཁར་གས་ཁ་མ་བཟོ་སྙིང་གི་གྲོགས།།
འཇིག་རྟེན་སྣང་བ་རི་མགོའི་སྨུག་ཆེན་རེད།།
ལས་ཀྱི་སྣེ་མོ་རླུང་གི་ལག་པ་རེད།།
ཁྱོད་ལ་ཕྱོགས་པ་མི་ཁོག་སྣང་བ་རེད།།
ལས་དང་རི་མོའི་འབྲི་སྲོལ་འདི་འདྲ་རེད།།
༢༠༡༣ལོའི་ཟླ༡༠པའི་ཚེས་༢༦ལ།
རྩོམ་ཁུངས། ངེད་དྲ་བ།