འཚོལ་བཞིན་བོར་བའི་ཨ་མའི་ནུ་ཞོ།
ངས་ཨ་ཕ་ལ་རང་གི་བྱིས་དུས་འདྲི་སྐབས།
ཨ་ཕས་ང་རང་ཨ་མའི་ནུ་ཞོ་བཏུངས་ནས་ལོངས་སོང་ཟེར།
ངས་ཨ་མ་ལ་རང་གི་འབྱུང་འགྱུར་འདྲི་སྐབས།
ཨ་མས་ང་རང་བུ་རྒོད་འཇོན་ཐང་ཅན་ཞིག་བྱེད་དགོས་ཟེར།
མདུན་ལམ་ཞེས་པའི་རླབས་ཆེན་དེའི་སླད།
ངས་འགྲུལ་བཞུད་ཀྱི་སྣེ་མོར་འཇུས་ནས་རང་ཡུལ་རྒྱང་དུ་བཞག
ཕུགས་བསམ་ཞེས་པའི་དམིགས་ཡུལ་དེའི་སླད།
ངས་ཨ་མའི་རེ་འདུན་ཉར་ནས་གཞན་ཡུལ་པང་དུ་བླངས།
གཞན་ཡུལ་ན་ཨ་མའི་ནུ་ཞོ་བཙལ་ཡང་དཀོན་པས།
ངས་ཨ་མའི་ཤོག་སྒོར་གྱི་ནུས་པ་གཡར་ནས།
འགྱིག་དམ་ནང་གི་འཚོ་བཅུད་མགྱོགས་འཕྲིན་གྱི་འོ་མ་བཏུངས།
ལྕགས་ཀྲིན་ནང་གི་ལྷད་མེད་འོ་ཕྱེ་ཡི་འོ་མ་བཏུངས།
ཡིན་ཡང་ཨ་མའི་ནུ་ཞོ་འདྲ་བ་ཞིག་གཏན་ནས་མ་རྙེད།
གཞན་ཡུལ་ན་འཚོ་བའི་བསླུ་བྲིད་ནི་ཧ་ཅང་རྒོད་པས།
ངས་ཨ་མའི་ཤོག་སྒོར་ལ་སྔར་བཞིན་ནུས་པ་གཡར་ནས།
འཚོ་བཅུད་མགྱོགས་འཕྲིན་གྱི་འོ་མ་ཤེས་ཡོན་དང་འཁྲུལ་ནས་བཏུངས།
ལྷད་མེད་འོ་ཕྱེ་ཡི་འོ་མ་འབྱུང་འགྱུར་དང་བརྗེས་ནས་བཏུངས།
ཡིན་ཡང་ཨ་མའི་ཤོག་སྒོར་ལ་རིན་ཐང་གི་གོ་ས་ཨེན་ཙམ་མེད་པས།
ད་གཟོད། ས་མཐའི་བུ་ཡིས་ཨ་མའི་ནུ་ཞོ་སྔར་ནས་བརྗེད་ཟིན་པ་ཚོར།
རྩོམ་ཁུངས། ངེད་དྲ་བ།