གསོན་འདྲེ།
འདོད་རྔམ་གསོན་པོའི་རྣམ་ཤེས་སྤྱི་གཙུག་ནས་འགྱིང་ལ།།
དབུ་ཆེན་བྲང་ལ་དྲུད་པའི་ཤུགས་རིང་གི་སྟངས་སྟབས།།
རྡོག་ཤུལ་རྒུམ་པའི་འཐུ་བའི་ལས་དབང་དང་འཁྲིལ་ནས།།
ཞེ་སའི་ཨོལ་མདུད་གྲོལ་བའི་ཉམ་ཆུང་གི་སྐུ་མཆེད།།
རྐང་བྲོ་འཁྱོག་པོའི་ཞལ་རས་མུན་ཁུང་ལ་གབ་ཅིང་།།
ཞུམ་ཞུམ་འགྲོས་ཀྱི་སྡུག་ཡུས་སྒོ་གསུམ་གྱིས་གཏེགས་བཞིན།།
དྲང་སྲོང་རྒྱལ་བོའི་མངའ་ཐང་ལྟག་སྒོ་ནས་བཙོངས་ཏེ།།
ངུད་མོ་སྟོང་གི་མཆི་མས་བསླུ་བྲིད་རེ་མ་བྱེད།།
ཁོག་སྒྲ་ཁ་རུ་སྙན་པའི་སྐྱོ་གཞས་ཀྱི་མགུར་རྟ།།
ཁ་གསག་གཏམ་རྫོང་མཐོན་པོའི་སྙན་ངག་གི་གླེགས་བམ།།
ཀུན་སྲོག་གཡོ་ཡིས་བསླུ་ལ་འཛུམ་དུག་རེ་བགོས་ནས།།
རིགས་བརྒྱའི་གདོང་ཤུན་བརྗེས་ལ་གདོན་འདྲེ་རུ་མ་བརྫུ།།
ཨ་ཕའི་རུས་བཅུད་དཀར་པོ་མཆུ་རླབས་ལ་བསྐྱོན་ནས།།
ཨ་མའི་ཟུངས་ཁྲག་དྭངས་མ་སྨག་རྔན་དུ་མཆོད་དེ།།
ལྐོག་ཚོའི་སྲང་ཁར་འཐམ་པའི་ལེའུ་རེ་བརྩམས་ནས།།
ཚེ་སྲོག་ཁམ་དུ་ཟ་བའི་སྲིན་མོ་རུ་མ་སྤྲུལ།།
ལས་འབྲས་ཁ་རུ་འཐུལ་བཞིན་ཕྲེང་ཁོག་ནི་བཞུར་ཀྱང་།།
འདོད་པའི་དྲག་རླུང་འཚུབ་ཚེ་ཡུམ་ཆེན་ལ་གཡེམ་པ།།
སྒྲིབ་གཡོགས་བཅོས་མའི་ཁུག་གི་སྒྱུ་རྩལ་གྱི་དེད་དཔོན།།
སྐུད་པས་བྱང་ཁོག་རྒྱགས་པའི་སྡོམ་ནག་ལ་མ་འགྲན།།
སྐུ་ངོའི་ངོ་སོ་འདེགས་ལ་མཆན་བུ་ཡང་ཕུལ་ཏེ།།
ཕུགས་དོན་ཐོག་ཏུ་བསུ་ལ་འཕོངས་ཚོས་ཡང་བལྡགས་ནས།།
མཇུག་མས་དུང་གར་འཁྲབ་པའི་ནོར་སྐྱོང་གི་མེས་པོ།།
ཨ་མའི་བང་སོ་མནོལ་བའི་གླེང་གཞི་རེ་མ་བསྐྲུན།།
སུ་དང་གང་ལ་ལས་དབང་སྐྱ་བསྒྲིལ་གྱིས་སྟོང་བཞིན།།
རང་ལུས་ཚོར་བ་ཕྲ་མོའི་ཞབས་གཡོག་ལ་དུང་བའི།།
ཁེར་རྐྱང་ལྟ་གྲུབ་སྟུག་པའི་ཁྲེལ་མེད་ཀྱི་བུ་ཆུང་།།
ཧམ་སེམས་རྟོགས་པའི་ཏིང་འཛིན་བསྐལ་མཐའ་རུ་མ་བསྲིང་།།
ཤ་དང་རུས་པའི་བཀྲག་རྩི་བསམ་བསེའུ་རུ་བསྐོངས་ཏེ།།
ཕྱག་དང་གདོང་གི་ངོས་ལ་སྐྱ་ཐིག་རེ་བསླངས་ཀྱང་།།
སུག་པའི་འདུ་བྱེད་སྐྱེན་པའི་ཞབས་རྗེས་ཀྱི་རི་མོས།།
བཅུད་མེད་ཤི་རོའི་གདོང་གཡོགས་བཙན་ཤེད་ཀྱིས་བཀོག་འདུག།།
སྟོད་སྨད་དབར་ན་འཁྱུག་པའི་ཆོས་རུས་ཀྱི་བདག་པོ།།
གུས་ཞུམ་རྡོག་ཁྲེས་ལྕི་མོ་ལྗིད་ཤུགས་དེ་བསྣམས་ནས།།
རང་དོན་ལྐོག་སྲུང་ལས་ཀྱི་དཀའ་སྡུག་གི་རྔུལ་ཆུ།།
ལྭ་བ་ཟད་པོའི་འདབས་ནས་ཆལ་ཆིལ་དུ་བརྡོལ་འོང་།།
སྐྱ་རེངས་སྣང་བས་གསལ་བའི་མཛེས་སྡུག་གི་གོང་བུ།།
མཚན་ལྗོངས་རླུང་བུར་འགྲོགས་པ་དུག་རིམས་ཀྱི་ཁ་རླངས།།
གཡོ་ཁྲམ་སྒྱུ་མའི་དཔལ་ཡོན་སྔས་གཞི་རུ་སྤོངས་ནས།།
གངས་ཆབ་འོ་མའི་བཏུང་བ་འཐུང་ཚུལ་རེ་ཡོད་དམ།།
མི་ཆོས་ལྟད་མོའི་ཁྲོམ་གྱི་བཞུར་སྟངས་ལས་བརྒལ་ཏེ།།
འདོད་པའི་བུ་ཆུང་གཉོར་ལ་སོ་མཚམས་ཞིག་མེད་ན།།
མིག་ལྡན་ལུང་བར་འགྱུར་བའི་ཁེ་ཉེན་ལ་དོགས་ནས།།
སྨྱུག་ཁམས་ནད་པའི་ཁོང་ཁྲག་གློ་བུར་དུ་བསྲིངས་སོ།།
རྩོམ་ཁུངས། ངེད་དྲ་བ།