ཞི་འབོད་བ་དན་ཁ་རྒྱན།
༄༅།།ཟག་མེད་བདེ་མཆོག་སྟོང་གི་དབྱིངས་རིམ་ཏུ། །
གསང་བ་རྒྱན་གྱི་འཁོར་ལོ་མངོན་རྫོགས་པའི། །
གང་འདུལ་སྒྱུ་འཕྲུལ་དྲ་བའི་འཇོ་སྒེག་ཅན། །
གང་ཞབས་སྲིད་ཞིའི་དགེ་མཚན་འབར་བའི་དྲུང་། །
མི་ཕྱེད་དད་པའི་སྣང་བ་རྒྱས་པའི་མཛོད། །
འཛིན་པའི་ལྷག་བསམ་གསེར་གྱི་འདབ་བརྒྱ་བ། །
བཞད་པའི་ཁ་ལ་རོལ་བའི་རྩེ་དགའ་ཅན། །
ཞུ་འཕྲིན་བུང་བ་གཞོན་ནུའི་དབྱངས་འདི་གསོལ། །[1]
རབ་སྙིགས་སྤྲིན་སྣ་འཛིང་བའི་འདོད་པའི་ཁམས། །
ལྷག་ཏུ་ཆོས་ཞིང་གྲགས་པའི་ལྗོངས་ཁམས་སུ། །
བྱམས་པའི་ཐུགས་ལས་བརྩེ་ཆར་བབས་མིན་པར། །
འགྲོ་ཀུན་འདོད་མིན་སྡུག་གིས་ཀུན་ནས་གཙེ། །
རབ་བརྗིད་ཀེ་ལ་ཤ་ཡི་མུ་ཁྱུ་ཕྲེང་། །
རབ་དཀར་མཆོད་རྫས་དྲི་མེད་མདངས་འཛིན་དེ། །
རབ་ཡལ་དོགས་ནས་བློ་ཆུང་བདེ་མིན་པས། །
རབ་མཐུན་གྲོགས་ལ་སྙིང་ནས་གྲོས་ཁ་བསྡུར། །
འཇིག་རྟེན་མི་མཐུན་ཕྱོགས་ལས་རྣམ་རྒྱལ་དང་། །
བདུད་ཀྱི་མཚོན་ཆ་མི་འདོད་རིང་སྤོངས་ཕྱིར། །
ཐུགས་ཀྱི་ཀྱོ་བ་དྲི་མེད་བྱམས་པས་དྲངས། །
རེ་བའི་འདོད་དོན་བཀྲ་བར་ཤིས་ཚིག་བརྗོད། །
ཆོས་ཀྱིས་རབ་བཏུལ་རྒྱུད་འཇམ་གངས་རིའི་བུ། །
བཀྲ་ཤིས་ཁ་བཏགས་ཐབས་ཀྱིས་ཡར་བཏེགས་ཏེ། །
ཕ་ནོར་མ་ཎི་ཤུགས་ཀྱིས་དབྱངས་སུ་བཏེགས། །
ཁམས་གསུམ་ཞི་བའི་ལས་དོན་འདི་ལས་ཅི། །
དཀར་པོའི་སེམས་ཀྱིས་གདོང་སྣེ་རབ་དྲངས་ཤིང་། །
དཀར་པོ་གངས་ལ་འགྲན་ཏུ་ཆས་པ་ཡི། །
དཀར་པོའི་མདངས་འཛིན་བཀྲ་ཤིས་མཚོན་རྟགས་ཅན། །
དཀར་པོའི་ཆོས་ཀྱི་ལམ་ཞིག་མཛད་དུ་གསོལ། །
ཁྱོད་དང་ང་ཡི་གྲུབ་པའི་མཐའ་དོན་ཏེ། །
རེ་ཞིག་ཞི་བའི་ས་རུ་ཡོངས་ཕོགས་ནས། །
མཐུན་པ་སྤུན་བཞིའི་རྣམ་ཐར་ཡོངས་སྐྱོང་བཞིན། །
དཀར་པོའི་ཁ་བཏགས་སྣེ་དེར་ཆོངས་བར་མཛོད། །
འདི་ནི་དྲི་མེད་གངས་ཀྱི་ཆོས་དཀར་པོ། །
འདི་ནི་ས་སྒང་རིལ་མོའི་ལམ་དཀར་པོ། །
འདི་ནི་མུན་ནག་སྒྲོན་མེ་འོད་དཀར་པོ། །
འདི་ནི་བཀྲ་ཤིས་ཁ་བཏགས་སེམས་དཀར་པོ། །
ཞེས་ལྕགས་ཕོ་སྟག་གི་གནམ་ལོ་གསར་ཚེས་སུ་རྔ་ལྗོངས་ཕྱུག་མོ་རུ་རིས་སུ་ཕུབས། དགེ་ལེགས་བསྩོལ།
[1]མཆོད་པར་བརྗོད་པ་འདི་ནི་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་ཆབ་ཤོག་ལས་གཡར་བ།
རྩོམ་ཁུངས། ངེད་དྲ་བ།