བཙོན་རའི་སྙན་ངག
སྲིད་པའི་ལོངས་སྤྱོད་མ་ཁུག་འོབས་སུ་མཆོངས་པ།།
འཁོར་བའི་སྡུག་ཡུས་མ་ཐེག་གཡང་ལ་ཞུགས་པ།།
ཆུང་མའི་མཛེས་པ་མ་བཟོད་ཧེབ་ཀྱིས་བསྙབས་པ།།
ཀུན་ཀྱང་རྨོངས་པའི་དབང་གིས་འདི་རུ་ལྷགས་པ།།
གནོང་བའི་མགོ་བོ་སྲ་མོ་གྱང་ལ་བསྙེས་ཏེ།།
ཡིད་ཆད་སྤར་མོ་བྲང་གི་ཤ་སྐྱིར་འཐམས་ནས།།
སྤྱང་མདོག་ཙམ་གྱིས་མགོ་བོ་དཀྲུག་དཀྲུག་བྱས་ཀྱང་།།
སྡིག་པའི་གྲིབ་སོ་དེ་ལ་གཡོལ་ས་མེད་པ།།
ལེ་ལན་གཞན་ལ་འཕེན་པ་སྡུག་གི་འཁུན་ངར།།
ཁུར་བོ་རང་གིས་འཁུར་བ་ཉེས་པའི་བྱབས་དྲི།།
མི་ཐེག་ལོ་དང་ཟླ་བས་གཉའ་བ་སྒུར་དུས།།
རུས་སྒྲོམ་ཀོག་པོ་དྲུད་ནས་གང་ལ་འཁྱམས་པ།།
ཉིན་ལ་བྲེལ་བས་ངལ་བ་བུ་ལ་མ་རེ།།
མཚན་ལ་གཉིད་ཐུན་ཆག་པ་ཆུང་མ་མ་ཕན།།
ཆགས་སྲེད་ཁབ་ཏུ་བསོགས་པའི་སྒྱེ་མོའི་ནང་ནས།།
མི་གཙང་ཁུ་བའི་རོ་ངར་ཁྱོར་དུ་ཟགས་པ།།
བུ་སྡུག་འཁོར་བར་ཕྱོགས་པའི་འཆིང་བ་ཇེ་དམ།།
ཁྱིམ་སྡུག་ཆུང་མར་ཆགས་པའི་བཟི་ཁ་ཇེ་བཙན།།
ཁེར་རྐྱང་མལ་ཁྲིའི་སྟེང་གི་མགོ་རུས་ཀོག་པོ།།
རྨི་ལམ་དགའ་མའི་བྲང་ལ་ཡང་ཡང་བསྙེས་པ།།
སྟོང་བསམ་ལེ་ལོའི་ཐང་ལ་བར་མེད་ཉུལ་ནས།།
མི་ཚོར་དགའ་བའི་དྲི་ལ་ཡང་ཡང་བསྣམས་ཀྱང་།།
ཟིན་མེད་འཁོར་བའསི་རླུང་གིས་ཕར་ཕར་ཁུར་བས།།
གང་ཞིག་ཐོབ་པའི་རེ་བ་ཇེ་ཉུང་ཇེ་ཉུང་།།
དལ་ཅིག་སྡོད་ལོང་མེད་པའི་སེམས་ཀྱི་འཕྲུལ་འདི།།
ལ་དང་ལུང་བ་བརྒལ་ནས་གང་དུ་ཆས་ཀྱང་།།
ཤ་ཁྲག་རྣག་གིས་ཁེངས་པའི་ཕྱི་ཡི་གྲིབ་གཟུགས།།
ཆད་པ་སྟོང་གི་སྣེ་ནས་གང་དུ་མ་སོང་།།
སྒྱུ་ལུས་གཡར་བའི་སྣང་བ་ཁྱོད་ལ་མ་སྐྱེས།།
མི་རྟག་འཁོར་བའི་ཆོས་ལ་བསྒོམས་འབྲས་ང་མེད།།
འུ་གཉིས་འདོད་པའི་ཐ་གུ་ཕར་འཐེན་ཚུར་འཐེན།།
ནམ་ཞིག་ཆད་པའི་སྣེ་ནས་རང་སར་འགྱེལ་བ།།
2012.7.9 ཉིན།
རྩོམ་ཁུངས། ངེད་དྲ་བ།