དེང་གི་བོད་མིང་བ།
ཀ་ཁའང་མི་ཤེས་བོང་རྒན་བོད་མི་ཚོས།།
ཁ་ཡག་ངོ་དགའི་འཚོ་བའི་ཐབས་ལམ་བསྙེགས་།
ག་དུས་ཡིན་ཡང་རྒྱུག་ཁྱིའི་ངང་ཚུལ་འཛིན།།
ང་ཅག་གངས་ཅན་པ་ཡི་འགྲོ་ལུགས་རེད།།
ཅ་དགུ་ཕལ་ཆེར་ཐ་མག་ཆང་ལ་དགའ།།
ཆ་ལུགས་ཕལ་ཆེར་ར་མ་ལུག་ལ་མཉེས།།
ཇ་ཁང་ཆང་ཁང་ཨར་ཁང་གཞང་ཁང་མང་།།
ཉ་གེ་ཉོག་གེ་དེང་གི་བོད་མིའི་སྲོལ།།
ཏཱ་ཡང་སྒོར་མོ་མཐོང་ན་མ་ཡང་བརྗེད།།
ཐ་ཤལ་ནང་དམེའི་གྱོད་གཞིས་གང་སར་ཁྱབ།།
ད་དུང་མ་ཎི་ཕྲེང་བ་བགྲངས་འདྲ་བོ།།
ན་ར་འདི་ཅག་བོད་ཀྱི་བླ་བཙོང་རེད།།
པ་ར་ཤོ་དང་མ་ཅང་བག་ལ་དུང་།།
ཕ་ནོར་རྒྱན་དང་གཞང་ཁང་བུ་མོར་སྦྱིན།།
བ་ཕྱུགས་དུད་འགྲོ་ལས་ཀྱང་ཐབས་སྐྱོ་བ།།
མ་རུང་དེང་གི་བོད་མིའི་འགྲོ་ལུགས་རེད།།
ཙ་གེ་ཙིག་གེ་ཕན་མེད་དོན་ལ་ཡེངས།།
ཚ་བོ་ཚ་མོ་ནོར་དང་ལུག་རྗེས་བསྙེགས།།
ཛ་དྲག་དུས་འདིར་ཐམས་ཅད་ལས་སུ་སྒོམ།།
ཝ་སྐྱེས་རྗེས་འགྲོ་དེང་གི་བོད་མིང་བ།།
ཞ་ཞ་ཞུ་ཞུ་གཅིག་ལས་གཅིག་གིས་མཁས།།
ཟ་རྔམ་ཅན་ལ་པུས་མོ་ཡིན་ཡང་བཙུགས།།
འ་ཅག་བོད་མིས་བོད་ཀྱི་མགོ་རྣ་འཆོར།།
ཡ་རབས་ཚུལ་མཐུན་གང་སོང་ཆ་མེད་རེད།།
ར་རི་མ་གོས་གངས་ལྗོངས་གནས་མཆོག་འདིར།།
ལ་ལ་བཟི་ཞིང་ལ་ལ་སྨྱོ་ནས་གདའ།།
ཤ་ཆང་འཛོམས་ན་གཞན་རྣམས་ཆུང་ངུར་སེམས།།
ས་ཡ་དྲུག་གི་ལས་དབང་ག་ན་རྟོགས།།
ཧ་ཅང་ངོ་མཚར་བོད་ཀྱི་རིག་གཞུང་དག།།
ཧ་ལམ་ཀུན་གྱིས་ལྟག་རྒྱབ་ལོགས་སུ་དོར།།
ཨ་ཨོ་ཨི་ཞེས་གཞན་གྱི་སྐད་ཡིག་ལ།།
ཨ་མཚར་དང་བཅས་འབད་པས་སྦྱོང་ལ་ལྟོས།།
ཞེས་ཚ་སྒང་ཟུར་ཞིག་ནས་བོད་གཡག་རྒོད་ཀྱིས།
རྩོམ་ཁུངས། ངེད་དྲ་བ།