ངའི་ཕུགས་འདུན།
འདས་པའི་གཏམ་རྒྱུད་ནུབ་རིའི་རྒྱབ་ནས་བརྒལ།། ད་ལྟའི་ཕུགས་བསམ་ཤར་རིའི་ཕྲག་ན་ཡོད།།
མ་འོངས་མདུན་ལམ་གང་འཚོལ་རང་ལག་ཡིན།། འདུན་མ་བཟང་བོ་ནམ་ཡང་འདོར་མི་སྲིད།།
གྲངས་མེད་དཀའ་སྡུག་འདྲེས་མའི་རྐང་རྗེས་སུ།། ངོ་མཚར་གྲུབ་འབྲས་ཐོབ་པར་ཡིད་ཆེས་ཡོད།།
དེ་ཕྱིར་ཤེས་བྱ་རིག་གནས་བསླབ་འདོད་ཀྱི།། འགྱུར་མེད་ཆོད་སེམས་རྡོ་བརྐོས་རི་མོ་ཡིན།།
མཁས་ཤིང་མཛངས་པའི་སློབ་དཔོན་ཐོན་མི་དང་།།བརྩོན་སེམས་ལྡན་པའི་ཐང་སྟོང་རྒྱལ་བོ་སོགས།།
བྱས་རྗེས་ངོ་མཚར་ལྡན་པའི་ངང་ཚུལ་དག། རྗེས་སུ་སློབ་ཅིང་མིག་དཔེར་བལྟ་རྒྱུ་ཡིན།།
འཕྲལ་ཕུགས་རེ་འདུན་རང་གིས་མ་བཙལ་ན།། མདུན་ལམ་སུས་ཀྱང་ལག་ལ་མི་སྤྲོད་པས།།
ནམ་ཕུགས་འདུན་མ་རྟག་ཏུ་མི་བརླག་པར།། བརྩོན་ལྡན་སློབ་མ་བཟང་བོ་བྱ་རྒྱུ་ཡིན།།
ཤེས་རིག་ཚལ་གྱི་གཡུ་སྦྲང་གཞོན་ནུ་ངས།། རིག་པའི་གནས་ཀྱི་རྩི་བཅུད་རོལ་བ་དང་།།
རིན་བྲལ་མི་ཚེའི་ཕུགས་འདུན་ཉག་གཅིག་འདི།། མི་འགྱངས་མྱུར་དུ་མངོན་འགྱུར་བྱེད་ངེས་ཡིན།།
རྩོམ་ཁུངས། ངེད་དྲ་བ།