བདེན་དོན།
མཚར་སྡུག་བཀྲ་བའི་ཉིན་བྱེད་དྲུང་དུ་ནི།།
འོད་མེད་ཟླ་བ་ཤར་ན་ཕན་མེད་ཀྱང་།།
སྨག་གི་བསྒྲིབས་པའི་མཚན་མོ་སླེབས་དུས་འདིར།།
རྫུན་གྱི་ཁྲོད་དུ་ཟླ་གཟུགས་ཁོང་འདར་བྱས།།
བཏང་བའི་གཞས་ལས་བཤད་པའི་སྐད་ཆ་སྙན།།
ཡོད་མེད་ཡིན་མིན་ལོ་ལྷང་ལྷང་སྒྲོག་པའི་དུས།།
ཁ་དང་ཞེ་ལ་ཁྱད་པར་ག་ཚོད་ཙམ།།
བདེན་པའི་སྲང་ལ་གཞལ་ཚེ་ད་གཟོད་ཤེས།།
ཉིན་བྱེད་རི་རྩེའི་སྤོ་ནས་ཤར་བའི་དུས།།
གཟུགས་དང་གྲིབ་མ་བར་ཐག་ལེ་དབར་ཆོད།།
གལ་ཏེ་དྲང་པོའི་ཐིགས་ཀྱིས་འཇལ་བའི་ཚེ།།
ཉམ་ཆུང་གཟུགས་ལ་ཚད་མའི་བདེན་པ་ཐོབ།།
མཐོ་བའི་མི་ཡི་སྤྲལ་པའི་མཛེར་པ་ལ།།
འུད་སྒྲོག་ཆེན་པོས་ཡེ་ཤེས་སྤྱན་འདྲ་ཟེར།།
འཁོས་དམན་མི་ཡི་མིག་གི་དྲ་མ་ལ།།
མི་མཛེས་ལིང་ཏོག་ཅེས་འབོད་བདེན་དོན་གང་།།
གོང་མོས་ཅ་ཅོ་སྨྲས་པས་ལྷ་བྱ་ཟེར།།
དེ་ཕོའི་སྐད་དེ་སྙན་པོ་མེད་ལུགས་གླེང་།།
བྱ་ཁྲས་ལྟོགས་སྐད་རྒྱབ་པས་གྲོག་སྐད་ཟེར།།
སྲིན་བྱས་དོན་མེད་ལྟས་ངན་ཞྭ་མོ་གྱོན།།
དྲང་པོ་གཅོང་རོང་ནང་དུ་གབ་པ་ཡིས།།
གླེན་པ་ཁྱུ་ཡི་བུང་བུའི་རྣ་བ་རུ།།
སེར་གྱི་བཀང་རྗེས་དུད་འགྲོ་ལྐུགས་ལུགས་གླེང་།།
བུང་བུས་ཟུར་ཟའི་དགོད་སྒྲས་གནམ་ས་གང་།།
གཡོ་ཅན་མི་ཡི་རྫུན་མ་དང་པོ་བཤད།།
བླུན་པོ་ཁྱུ་ཞིག་དེ་ཡིར་རྗེས་སུ་འབྲངས།།
མི་བསྲུན་རྒོད་པོས་དེ་ཚོའི་རྒྱབ་རྩ་བྱས།།
བདེན་དོན་ཀ་བའི་རྨང་ནས་དེ་ལྟར་བཤིག །
གང་ཞིག་རྒྱལ་ཚེ་བདེན་པ་ཐོབ་པ་དང་།།
སུ་ཞིག་ཕམ་ཚེ་དམོད་མོ་གཟུག་པའི་ལ།།
དབང་གི་བདེན་ཁ་བརྩི་བའི་ལོ་རྒྱུས་ལ།།
སྐྱེ་བོ་ཕལ་ཆེར་དབང་གི་ཕྱོགས་ལ་འདུར།།
དབང་གི་ཁ་ལོ་འགྱུར་བའི་དམུ་རྒོད་ཀྱིས།།
འབངས་རྣམས་སྡུག་ལ་སྦྱར་ཡང་རྒྱལ་པོར་བཀོད།།
ཉམ་ཆུང་ཚེ་སྲོག་ཟུང་ཁྲག་རྒྱ་མཚོ་བཞིན།།
བཞུར་ཡང་ལོ་རྒྱུས་རི་མོར་བདེན་གང་མེད།།
རྒྱུ་འབྲས་བསླུ་མེད་ཡིན་པ་ཀུན་གྱིས་རྟོགས།།
འབྲས་བུ་སྔོན་དུ་བསླུ་འདོད་ཧམ་པའི་སེམས།།
མི་ཚེ་དོན་ཡོད་ཕྱོགས་སུ་འགྲོ་དགོས་ཟེར།།
མི་ཡི་གཟུགས་ལ་སྲོག་དེ་མེད་པ་མང་།།
རང་དོན་སྒྲུབ་ཆེད་སྤྱི་དོན་འཁར་བར་བརྟེན།།
རང་དགྲར་གནོད་བྱེད་དམུ་རྒོད་ནང་དུ་དྲངས།།
རང་ཕན་ཆེད་དུ་རྒྱབ་རྩས་ལྟག་སྒོ་བཟོས།།
རྫུན་མའི་ཆེད་དུ་བདེན་པར་ནག་ནོག་བྱུག།།
སྒྱུ་མའི་མཁའ་དབུགས་སྟུག་པའི་མཁའ་དབྱིངས་སུ།།
བདེན་པའི་སྣང་བས་བཅོས་མ་བསྐྲད་དགོས་ལ།།
རྫུན་མའི་སྤྲིན་ནག་ལང་ལོང་རྒྱུ་བའི་ཁྲོད།།
དྲང་པོའི་རླུང་དེ་ལྡང་ཏེ་མུན་ནག་འཇོམས།།
བདེན་པ་མདོག་མེད་གཟུགས་མེད་ཡིན་སྲིད་ཀྱང་།།
ནག་པོའི་དབུས་སུ་བདེན་པའི་ཁ་དོག་དཀར།།
དྲང་པོའི་ཐོག་ཤིང་བསྣམས་ཏེ་འཇལ་བའི་ཚེ།།
བདེན་པ་ཀུན་གྱི་མ་མ་གཅིག་པོ་ཡིན།།
༢༠༡༠ལོའིཟླ་བ་༦
རྩོམ་ཁུངས། ངེད་དྲ་བ།