ཨ་ཁུ་དཀོན་མཆོག་ཚང་ལ་ཕུལ་བའི་ཞུ་ཡིག་བཞུགས་སོ།།

རྫ་ཤུལ་བློ་བཟང་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-18
   ༄༅། །རྩིས་རིག་རབ་འབྱམས་སྨྲ་བའི་བཤེས་གཉེན་ཆེན་མོ༧ཨ་ཁུ་དཀོན་མཆོག་ཚང་ལ་ཕུལ་བའི་ཞུ་ཡིག་ཕོ་ཉ་བཀྲ་ཤིས་དོན་འགྲུབ་མ།
  ༄༅། །དམར་སེར་གུར་ཀུམ་ལང་ཚོ་མཛེས་པའི་དཔ༷ལ། །དཔ༷ལ་ལྡན་བརྟན་པའི་འཁོར་ལོ་ངུར་སྨྲིག་གར༷། །གར༷་དུ་རྩེན་པ་འཇམ་མགོན་སྨྲ་བའི་ཟླ༷། །ཟླ༷་མེད་རཏྣའི་མཚན་ཅན་ཕྱག་གིས་ཡུལ། །རྨད་བྱུང་བློ་གྲོས་ནོར་བུའི་མེ་ལོང་ངོར། །ཕྱི་རོལ་བརྟན་དང་གཡོ་བའི་གཟུགས་བརྙན་འབུམ། །མ་ནོར་རྗེན་པར་གསལ་བའི་ཐབས་འཕྲུལ་མཆོག། །སྟོན་མཛད་དུས་མཁྱེན་ཞབས་ཟུང་པདྨོའི་ལྟོར། །གང་གི་བཀའ་དྲིན་འོད་སྟོང་རྒྱས་པ་ལས། །དད་པའི་འདབ་ལོ་ཕང་ཕུང་བཞད་པའི་རྩེར། །སྙན་ཚིག་སྙན་འཇེབས་རྫོགས་པ་རྐང་དྲུག་གླུ། །གཤོག་ཟུང་ཐལ་མོ་དང་བཅས་གུས་པས་ལེན། །དང་པོའི་སངས་རྒྱས་དཔལ་ལྡན་དུས་འཁོར་ལོའི། །ཟབ་གསལ་ནཱ་དའི་གདངས་སུ་བསྟན་པའི་གཞུང་། །སྔོན་མེད་ལེགས་བཤད་ངག་གི་རོལ་མཚོ་ཁྱོད། །རིགས་ལྡན་མཚན་གྱི་ཅོད་པན་དོན་གྱིས་བཞེས། །གཙུག་ལག་སྤོར་ཐང་དབྱངས་འཆར་གང་གཱའི་རྒྱུན། །ངོམས་མེད་རྣམ་དཔྱོད་ཧུབ་ཀྱིས་འཐུང་བ་ཡིས། །གཞུང་མང་ཨུཏྤལ་རྒྱན་ཆའི་སྒེག་ལྡན་པ། །འཇམ་དཔལ་གཞོན་ནུའི་ཟླ་བོ་ཁྱོད་མིན་སུ། །དམན་སློབ་བདག་གི་ཡིད་མཚོ་དྭངས་མོ་རུ། །འཁྲུངས་པའི་ཁྱེད་སྐུ་པད་སྡོང་འདབ་བརྒྱ་བ། །གདུལ་བྱ་བུང་བ་ཉེར་འཚོའི་གཞི་རྟེན་དུ། །ཐུགས་སེམས་ལྷོད་པོར་བཞུགས་པའི་གཏམ་བཟང་ཐོས། །དེ་ལྟའི་དཔྱིད་དཔལ་བུ་མོའི་མགྲིན་གླུ་ཞིག།།ཐོས་པའི་སྤྲོ་བ་བརྟས་པའི་སློབ་མཐའ་བ། །མཆོག་གསུམ་དམ་པའི་བསིལ་གྲིབ་ལ་བརྟེན་ནས། །ཉེར་འཚེའི་ཚ་གདུངས་དང་བྲལ་བདེ་བར་ཡོད། །འཇ༷མ་དཔ༷ལ་མ༷ཐུ་སྟོབ༷ས་རྡོ་རྗེ་ངུར་སྨྲིག་གར། །རྣམ་རོལ་བླ་མའི་གདམས་ངག་ཟབ་མོའི་གྲས། །གཙུག་ལག་རྩིས་ཀྱི་སྒོ་མོའི་ལྡེ་མིག་རྣམས། །རྒྱུད་འཛིན་བུ་ཞེས་དགྱེས་པའི་ཉམས་ཀྱིས་གནང་། །མཚུངས་མེད༵་བླ་མའི་བཀའ་དྲིན་ཟླ་བའི་ཟེར། །མགོན་མེད༵་བུ་ལ་ཕྱོགས་རིས་རྒྱང་བསྲིངས་ནས། །ཚད་མེད༵་ཐུགས་རྗེ་འོད་ཞགས་མ་བྲལ་བར། །ཕངས་མེད༵་མན་ངག་བསྩལ་བས་བཀའ་དྲིན་དྲན། །གང་ཐུགས་འོད་དཀར་གཞོན་ནུའི་མཛེས་སྡུག་གིས། །ཁྱོད་བློ་དུང་གི་ཀུ་མུ་འཛུམ་པའི་ཁ། །ཕྱེ་ནས་རྣམ་དཔྱོད་ཟིལ་མངར་རྒྱས་པའི་བཅུད། །བློ་གསལ་གདུལ་བྱའི་ཚོགས་ལ་སྩོལ་གྱུར་ཅིག །ད་དུང་དོགས་གནས་ཞུ་བྱ་མང་མོད་ཀྱང་། །བདག་བློ་སྐྱོན་གྱིས་དྲི་མས་གཡོག་དྲགས་པས། །དོན་མེད་གཏམ་གྱི་ཉ་ཉོག་བསྲེས་དོག་ནས། །ལྷུག་པའི་ཞུ་ཡིག་ཟུར་དུ་ཕུལ་ཡོད་དོ། །མཛེ༷ས་མཛེ༷ས་ཚིག་སྣ་བཙན་གྱིས་མ་སྒྲིག་པར། །ལྷུག༷་ལྷུག༷་འབྱུང་བའི་མགྲིན་ལམ་ཡངས་པོ་ལས། །ག༷ང་ག༷ང་དགྱེས་པའི་མདུན་སར་སྤེལ་བ་ཡི། །མྱུར༷་མྱུར༷་གཟུགས་རིས་སོར་མོས་རྩལ་ལས་བསྐྲུན། །སླད་ཆད་ཐུབ་དབང་བསྟན་དང་འགྲོ་ཆེད་དང་། །ཡང་སྒོས་དཀར་ནག་རྩིས་རིག་འཆད་རྩོམ་ངང། །སྐལ་ལྡན་བུ་སློབ་དགའ་སྟོན་སྤེལ་བའི་ཕྱིར། །འཆི་མེད་བཅུད་ལེན་བཏུང་ལ་ཐུགས་མ་གཡེངས། །ཞུ་ཡིག་ཉོག་བྲལ་སེམས་ཀྱི་རི་མོ་འདི། །སྙན་ཚིག་དར་དཀར་དངོས་ལ་ཕབ་ནས་སུ། །ཕོ་ཉ་བཀྲ་ཤིས་དོན་ཀུན་འགྲུབ་པ་པོས། །མཚན་ལྡན་བླ་མའི་ཕྱག་ཏུ་གུས་པས་ཕུལ། །
   ཅེས་རང་ལོ་ཉེར་བདུན་པ་རབ་གནས་མེ་གླང་༡༩༩༧ལོ་སར་གྱི་སྐྱེས་དང་བཅས་སྐར་ནག་རྩིས་རིག་རབ་འབྱམས་སྨྲ་བའི་བཤེས་གཉེན་ཆེན་མོ་ཁོང་༧ཨ་ཁུ་དཀོན་མཆོག་ཚང་ནས་དམན་སློབ་བདག་ལ་ནག་རྩིས་སྐོར་མན་ངག་ཆིག་བརྒྱུད་དུ་བསྩལ་ལ་བཀའ་དྲིན་མཚོན་པའི་ཕྱིར་དང་། གཞན་དོགས་གནས་སྐོར་ལ་ཞུ་ཡིག་ཟུར་ཕུལ་དུ་བའོ། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཁུ་དཀོན་མཆོག་ཚང་ལ་ཕུལ་བའི་ཞུ་ཡིག་བཞུགས་སོ།།

2013-10-18 རྫ་ཤུལ་བློ་བཟང་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།