རླུང་གིས་སྤུར་བའི་མི་ཚེ།
མི་ཚེའི་ལ་ཐང་བརྒྱབ་པའི་རྐང་བའི་རྗེས་ལ།།
སེམས་པས་མགྲིན་པ་བསྒྱུར་ཏེ་ཕྱིར་མིག་བཏང་ན།།
འཁོར་བའི་ལྡེབས་ལ་བྲིས་པའི་རི་མོ་ནག་པོ།།
ཆུ་བཞིའི་ཁྲུས་ལ་གཞུག་ཀྱང་གསུབ་ཏུ་དཀའ་བ།།
རྣམ་རྟོག་རྒོད་པོས་ཁུར་བའི་གཤོག་པའི་བར་ནས།།
འཁྲུལ་སྣང་འཇའ་ཚོན་བདས་པའི་ལོ་ཟླའི་ཁྲོད་དུ།།
རྨི་ལམ་ཆུ་ལ་བཏབ་པའི་གཏམ་རྒྱུད་བཞག་པ།།
བྲང་གཞུང་འགྱོད་སྤར་འཐམ་པས་འདག་ཏུ་མེད་པ།།
གྲགས་སྐམ་འཇའ་སྣ་བསྒྲིགས་པའི་སྲིད་པའི་ཁྱིམ་ནས།།
དགའ་སྐྱོའི་ཚོར་རྗེས་བསྙེགས་པའི་སྨྱུག་རྩེ་ཡོན་པོས།།།
ཆགས་སྡང་རེས་སུ་བྲིས་པའི་ཡིག་ཚགས་དམར་པོ།།
ངོ་ཚས་མེ་ལ་མཆོད་ཀྱང་འཛད་དུ་བྲལ་བ།།
ལང་ཚོའི་རིན་ཐང་ཤོར་བའི་མི་ཚེའི་དར་ལྕོག།
འཆར་ཡན་རླུང་བུ་ལྡོམ་པོས་བསྐྱོད་སྟངས་ཤིག་གིས།།
ཁ་སྐྱུར་འཚོ་བ་བརྒྱུད་པའི་འགྱོད་གླུ་འཛེར་པོ།།
ལ་ཁའི་དར་ལྕེ་ཤར་མོས་ཐོལ་གྱིས་བླངས་སོ།།
༢༠༡༣་༡་༢༦ཉིན།
རྩོམ་ཁུངས། ངེད་དྲ་བ།