བར་ཐག་གི་སྡུག་བསྔལ།
གསེར་གྱི་ཉི་མ་གཞོན་ནུའི་ཁོ་ལག་ཉིད་རྫོགས་ནས།།
འོད་ཟེར་ཐིག་ཕྲེང་ཡང་བོ་འཛིན་མའི་ལྟོར་འཕོས་དུས།།
མིག་གི་འཕྲུལ་བ་རབ་རབ་མོག་མོག་ཏུ་གྱུར་ནས།།
འོད་ཀྱི་གོང་བུ་མང་པོ་ཡར་ཡར་དུ་འཛེགས་བྱུང་།།
སྙིང་ཆུང་སྙིམ་པའི་དྲན་པ་རྒྱང་རིང་ལ་འཐེན་ཏེ།།
སྐྱོ་གདུང་སེམས་པའི་དར་སྐུད་དགུ་མདུད་རང་རྒྱབ་དུས།།
ཤུགས་རིང་དངན་པའི་རླུང་བུ་སིལ་སིལ་ཏུ་གཡུག་ནས།།
སྡུག་གི་དྲན་པའི་མིག་ཆུ་ཁྲོམ་ཁྲོམ་དུ་འཐོར་སོང་།།
མི་ཚོགས་རླབས་ཕྲེང་འཁྱོམ་པའི་ཆལ་ཆིལ་གྱི་ཁྲོད་ན།།
ཞལ་རས་ཟླ་དཀར་འཛུམ་པའི་སྙིང་ཁོང་གི་བྱམས་པ།།
འཇའ་ལྟར་མིག་ལ་འཛུམ་པའི་སྐད་ཅིག་ཙམ་མ་གཏོགས།།
ལན་གཅིག་འཛོམས་པའི་བསྐལ་བ་བར་ཐག་གིས་བཅད་སོང་།།
གཙང་མོ་ཆུ་ཡི་རྒྱུན་འདི་རི་རྒན་གྱིས་བཅད་རུང་།།
ལྷུང་ལྷུང་ཤར་ཏུ་འབབ་སའི་གཞི་མདོ་ན་འདྲེས་ཡོད།།
འཁོས་ཞན་ན་ཆུང་ངེད་གཉིས་དགའ་མོས་ཀྱི་སྤྱིལ་བུ།།
བར་ཐག་མེ་ཞགས་དམར་པོའི་ངར་ཤུགས་ཀྱིས་སྲེག་སོང་།།
སྤང་གི་མེ་ཏོག་རོལ་བའི་ཆ་འགྲིག་གི་སྦྲང་མ།།
གློ་བུར་གནམ་ངོ་འཁྲུག་པའི་བར་བགེགས་ཀྱིས་དེད་རུང་།།
སྙིང་སྡུག་མིག་ཟུང་སྨིན་མ་བསྒྲིལ་མཚམས་ཀྱི་བར་ནས།།
ཁ་ཁ་སོ་སོའི་ཁ་ཐག་བར་ཐག་ཅིག་མངོན་ཡོད།།
རི་ཆུ་སྟོང་གི་བར་ཐག་གོམ་པ་ཡིས་འཇལ་ཏེ།།
འཇིག་རྟེན་འཇིག་རྟེན་སྐོར་བའི་སྙིང་སྟོབས་ནི་མཆིས་རུང་།།
རྣམ་འགྱུར་གཞན་ལ་མེད་པའི་འུ་གཉིས་ཀྱི་བར་ན།།
རྣམ་རྟོགས་ཡིད་ཀྱི་བར་ཐག་འཁྱུག་རིས་ཞིག་གསལ་ཡོད།།
ལྷམ་ཆུང་རྡོག་པ་རྒྱབ་ནས་རི་རྩེ་ལ་མགོས་ཏེ།།
མིག་ཟུང་ཀེམ་ཀེམ་རྒྱང་རིང་ཡུལ་གྲུ་ལ་ཤོར་དུས།།
སྙིང་གི་རྩ་མདུད་འཕར་ལྡིང་རང་དབང་ན་མེད་ལ།།
གོམས་པའི་འདེགས་མགྱོགས་འཁྱར་འཁྱོར་འདར་འདར་དུ་གྱུར་སོང་།།
ངོ་བསྟོབ་ཚིག་ཅིག་སྒྲ་དབྱངས་ངག་རྟ་ལ་དྲངས་པས།།
བཅོས་མའི་གར་མ་སྒྱུ་འཕྲུལ་མཆོངས་ལྡིང་གིས་བཟི་སོང་།།
རྨི་ལམ་ནང་ནས་འདྲིས་པའི་ཆུང་འདྲིས་ཀྱི་བྱམས་པ།།
སྡུག་གི་བར་ཐག་གར་ཡོང་ཆ་མེད་དེའི་བརླག་སོང་།།
གྲགས་མེད་ཏིང་འཛིན་སྒོམ་པ་ཁྱོད་ཉིད་ཀྱི་རང་གཤིས།།
སྣང་སྟོང་འཚབ་འཚུབ་འཁྲུག་པ་ང་ཉིད་ཀྱི་རང་བཞིན།།
ཉ་ཉུག་གྲབ་གྲབ་ལང་ལོང་འུ་གཉིས་ཀྱི་མཚུངས་ལྡན།།
སེམས་པ་དཀྲིགས་དཀྲིགས་བཏང་ན་འུ་གཉིས་ཀྱི་བར་ཐག།།
ཚེ་གང་འདྲོགས་པའི་དམ་ཚིག་ལས་དབང་ལ་མེད་ཀྱང་།།
ལྷན་ཅིག་འཛོམས་པའི་ཁ་བཤད་མནའ་ཚིག་གིས་དགག་ནས།།
རྟག་མེད་འགྱུར་བ་མང་བའི་འཇིག་རྟེན་གྱི་གྲོང་ནས།།
དུང་བའི་ཚིག་བསྒྲིལ་བརྒྱབ་པ་ལྷོད་གྲོལ་རང་མི་གཏོང་།།
རྩོམ་ཁུངས། ངེད་དྲ་བ།