རང་གི་བུ་ཆུང་ལ་ཐུག་སྐབས་ཀྱི་འཆར་སྣང་།
ཕན་ཚུན་གཟུགས་བརྙན་མཐོང་བའི་ཤེལ་སྒོ་ཡི་ངོས་སུ།།
གཅེས་ཕྲུག་ཁྱེད་ཀྱི་པྲ་ཆལ་རྣམ་པ་དེ་ཤར་དུས།།
ཨ་ཕས་ཁྱེད་རང་དྲན་པའི་ཡུན་རིང་གི་སྐྱོ་བ།།
སྐད་ཅིག་ཉིད་ལ་གང་དུ་སོང་བ་ཡང་མ་ཤེས།།
གལ་ཏེ་འུ་གཉིས་བར་ན་ཤེལ་སྒོ་འདི་མེད་ཚེ།།
ཨ་ཕས་ཁྱེད་ཀྱི་མགོ་ལ་བྱིལ་བྱིལ་ཞིག་བྱེད་བཞིན།།
མ་འོངས་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་ཐོག་ལ།།
བྱིས་བློའི་དགའ་ཚལ་ལྟ་བུའི་བདེ་སྐྱིད་ཅིག་མཁོ་ཟེར།།
དེ་རིང་འུ་གཉིས་བར་ན་གཞན་མི་འདི་མེད་ཚེ།།
ཨ་ཕས་ཁྱེད་རང་དལ་གྱིས་པང་སྟེང་དུ་བླངས་ནས།།
དེང་སང་མིག་དབང་འཕྲོག་པའི་རྩེད་ཆས་དེ་མོད་རུང་།།
འབྱུང་འགྱུར་སྐད་དང་ཡི་གེ་དེ་ལས་ཀྱང་དགོས་ཟེར།།
ཨ་ཕའི་གནས་བབ་འདི་འདྲིའི་སྡུག་པོ་ཞིག་མིན་ཚེ།།
ཁྱོད་རང་གཞན་གྱི་བྱིས་པ་ཚང་མ་དང་འདྲ་བར།།
ཀ་ཁའི་དབྱངས་རྟས་རང་རྒྱུད་ཕྱུག་པ་ཞིག་མིན་རུང་།།
ཕ་མ་གཉིེས་འཛོམས་ཅན་གྱི་བེའུ་རྫི་ཞིག་ལོས་ཡིན།།
དཔྲལ་བའི་མིག་ལས་ལྷག་པའི་སྙིང་ཁོང་གི་གཅེས་ཕྲུག།
ངོ་གདོང་མཆི་མས་མ་བརླན་མཁའ་དབྱངས་ལ་ལྟོས་དང་།།
མཁའ་ན་འོད་ཟེར་ལྡན་པའི་ཀུན་ཕན་གྱི་ཉིན་བྱེད།།
ནམ་ཞིག་ཨ་ཕས་ཁྱེད་ལ་ལེགས་སྐྱེས་སུ་དབུལ་ངེས།།
མཐོང་ཚེ་འབྲལ་འདོད་མེད་པའི་སེམས་དཀྱིལ་གྱི་བུ་ཆུང་།།
བྱིས་སེམས་སྡུག་གིས་མ་བསླད་དཔྱིད་དཔལ་ལ་ཉོན་དང་།།
སྙན་འཇེབས་ལྡན་པའི་དཔྱིད་ཀྱི་ཁུ་བྱུག་གི་གསུང་དེ།།
ནམ་ཞིག་འུ་གཉིས་མཉམ་འཛོམས་དགོད་སྒྲ་དེར་འགྱུར་ངེས།།
རྩོམ་ཁུངས། ངེད་དྲ་བ།