ལྷ་མོ།
ས་ཡི་དགེ་མཚན་སྤྱན་གྱིས་གཟིགས་པས་ལྷ་མོ་ས་ལ་འབབ་དགོས་བྱུང་། །
མི་ཡུལ་གྲོང་གི་རྐང་གཉིས་ཚོགས་ལ་ཟ་འཕྲུག་གར་གྱི་ཡོ་ལང་རྒྱས། །
ལས་ཀྱི་རི་མོ་གཅིག་ཏུ་གཏད་པས་ངང་བ་ཆུ་ལ་ཆགས་པ་བཞིན། །
སེམས་ཀྱི་དུངས་པ་ལྷ་ལ་བཅོལ་བཞིན་ཕྱག་རྒྱས་གསོལ་འདེབས་ཡང་ཡང་ཞུ། །
རི་དྭགས་མིག་གི་དྭངས་མ་དཀར་པོ་རྒོད་གཤོག་བྲག་ལ་སྦྲན་པ་བཞིན། །
ལྟ་བས་མི་མངོན་ཁོག་གི་གསེར་ཞུན་ལྷ་མོའི་བྲང་གི་འོ་འཛིན་བཞིན། །
སྐྱེ་འགྲོ་སྟོང་གི་ཡིད་ཀྱི་རྫ་ཆུ་ལྷ་མོའི་གདོང་གི་མིག་ཆུ་སྐད། །
མ་དྲིས་མ་བཞུར་སེམས་ཀྱི་སྒོ་མོས་ཁྱོད་རང་དམྱལ་ཁམས་གཡུག་སོང་སྐད། །
འགྲོ་འདུག་གོམ་ཁ་དར་སྐུད་ཕྲ་མོ་དྲི་ཞིམ་ལྷ་མོའི་རྩེད་ཡ་སྟེ། །
ཧོ་ཧོ་ངག་གི་དབྱངས་རྟ་འགུག་བཞིན་ཁྱོད་རང་སེམས་ནས་ཕར་བསྐྲད། །
མཛེས་སྡུག་འཇའ་ཚོན་མདངས་ལ་འཁོང་བའི་མཚར་སྡུག་ལྷ་མོ་ཁད་ཀྱིས་བྲོས། །
རིན་ཆེན་གསེར་གྱི་བྲང་མགོ་འདྲ་བོ་སྟོང་བའི་དབྱིངས་ནས་ས་ལ་བརྡབ། །
༢༠༠༧.༣.༢༠ཉིན་ལ་བྲིས།
རྩོམ་ཁུངས། ངེད་དྲ་བ།