སེམས་ཀྱི་སྒྲོལ་མར་ཕུལ་བའི་རོལ་དབྱངས།
དྭངས་གསལ་ལྷད་བྲལ་གྱི་བརྩེ་བ་དམར་པོའི།།
འདུ་འབྲལ་གས་ཆག་གི་རྨི་ལམ་རྒུམ་དུས།།
བྲང་ཁོག་གྲུ་བཞི་འདིའི་འགག་འཕྲེང་དོག་འདུག།
བརྩེ་བའི་ཨ་ལུང་གི་འཁྱུད་ཐེངས་བར་ནས།།
སེམས་ཀྱི་མཁར་རྫོང་དེ་རྨང་ནས་ཞིག་སོང་།།
ལས་དབང་རླུང་བུ་ཡི་བཀའ་དབང་བཙན་པོའི།།
ང་གཉིས་མཉམ་འཛོམས་ཀྱི་ལས་སྐལ་བཅད་སོང་།།
ཕྱིར་འདང་གང་མང་གི་རྐང་ལམ་རེ་ནས།།
བབས་ཆགས་གཤིས་འཇམ་གྱི་གོམ་འགྲུས་དྲན་ན།།
གམ་ན་ཡོད་བསམ་གྱི་རྨི་ལམ་སྐྱུར་བོ།།
རྨིས་ཐེངས་མང་དྲག་པའི་སེམས་པ་བཟི་སོང་།།
ཁྱོད་ལ་བསྙད་འདོད་པའི་ཚིག་གི་རྒུན་ཆང་།།
མགྲིན་པའི་གསེང་ལམ་ནས་མ་ཐོན་ལུས་སོང་།།
ཞེ་སེམས་དུངས་འདྲིས་ཀྱི་འོ་ཇ་མངར་མོ།།
གཙང་བཞེས་མ་ཐུབ་པར་ལོ་ཟླ་བརྒལ་སོང་།།
འདུ་འབྲལ་ཆོས་ཉིད་འདིས་བཀའ་ཁྲིམས་འོག་ནས།།
སྡུག་གི་བུ་ལོན་དེ་ཁུར་དགོས་བྱུང་ཡང་།།
གནམ་འོག་དུང་ཞེན་གྱི་མངའ་ཐང་མགྲིམས་བཞིན།།
བརྩེ་བ་རྣམ་དག་གི་རོལ་དབྱངས་འཇགས་མེད།།
༢༠༡༣ ༥ ༢༡ རེབ་སྐོང་ནས།
རྩོམ་ཁུངས། ངེད་དྲ་བ།