ང་ཡི་སྒྲོལ་མ།
ང་ཡི་སྒྲོལ་མའི་སྣ་ནི་རན་ལ་འཚམས།།
མིག་ཟུང་གཉིས་ཀྱང་ཆེ་ལ་སྒོར་ཞིང་སྒོར།
སྒྲོལ་མའི་ཕྲ་ས་ཕྲ་ལ་ཆེ་ས་ཆེ།
སྒྲོལ་མ་མཛེས་མའི་ནང་གི་རྩེ་གྲ་རེད།།
ཁྱེད་ནི་ང་ལ་དགོས་པའི་སྒྲོལ་མ་རེད།།
སྒྲོལ་མའི་དཀར་ས་དཀར་ལ་དམར་ས་དམར།།
སྒྲོལ་མས་འཇམ་སར་འཇམ་ལ་རྩུབ་སར་རྩུབ།།
སྒྲོལ་མས་རང་སྐད་བརྩོན་བཞིན་གཞན་སྐད་སྦྱོང་།
སྒྲོལ་མ་བོད་ཀྱི་སྲོག་སྲུང་སྒྲོལ་མ་རེད།།
སྒྲོལ་མ་གདོང་དམར་བོད་ཀྱི་མཚོན་རྟགས་རེད།།
སྒྲོལ་མས་གཞན་ལ་མིག་ལོག་ལྟ་ས་ནས།།
ང་ལ་མིག་གི་འོད་སྣང་གསལ་སེ་གསལ།།
སྒྲོལ་མ་མཛེས་མའི་ནང་གི་མཛེས་མ་སྟེ།།
གཞན་གྱི་འོ་ཟུང་བཙན་གྱིས་ཕུར་ཀྱང་རུང་།
མོ་མཚན་ནམ་ཡང་གཞན་ལ་སྤྲོད་པ་མིན།།
དེ་ཡི་ལྡེ་མིག་ང་རང་གཅིག་པུར་གནང་།
སྒྲོལ་མ་གཞན་ལ་ཇི་ལྟར་སྡང་ན་ཡང་།
རྒས་ཞིང་གོག་པའི་མི་བུ་རྣམས་ལ་བྱམས།།
སྒྲོལ་མ་ཇི་ལྟར་བྱམས་པར་གྱུར་ན་ཡང་།
རང་གི་དགྲ་བོ་རྣམས་ལ་ང་ལས་སྡང་།
དེ་འདྲ་དེ་ཡང་བཙན་པོའི་རྟགས་ཤིག་རེད།།
ང་ཡི་སྒྲོལ་མའི་མདུན་དུ་མཛེས་མ་འགས།།
ཕྲག་དོག་བྱེད་ལ་འགའ་རེ་ཡིད་སྨོན་འཆོར།།
གསར་བུ་རྣམས་ནི་མོ་ལ་ཆགས་ནས་མྱོས།།
ང་ཡི་སྒྲོལ་མར་ཡོངས་སུ་རྫོགས་ཤིང་རྒྱན།།
སྒྲོལ་མ་རྒྱན་གྱི་ནང་གི་འོད་དེ་རེད།།
སྒྲོལ་མ་མཛེས་མ་རྣམས་ཀྱི་ན་ཟུག་རེད།།
སྒྲོལ་མ་ཕོ་གཞོན་རྣམས་ཀྱི་མེ་ཏོག་རེད།།
ང་ཡི་སྒྲོལ་མ་ནམ་ཡང་ང་ཡི་རེད།།
སྒྲོལ་མ་ང་གཉིས་ནམ་ཡང་བདེ་སྐྱིད་རེད།།
དེ་རིང་མི་ཚོགས་སྟུག་པོའི་ཁྲོད་ནས་ནི།།
ཁྱོད་ལ་ལག་འཇུ་བཏང་སྟེ་ཁྲོམ་ལ་འགྲོ།
༢༠༡༣ ༥ ༡༧ ཉིན
བོད་ལྗོངས་སློབ་ཆེན་གྱི་བོད་སྐད་ཡིག་དགེ་རྒན་འཛིན་གྲྭའི་སློབ་ཐོན་སློབ་མ་སྒྲོལ་མ་ངེད་གཉིས་ཀྱི་འབྲེལ་འདྲིས་དང་འགྲོག་ནས་སྦྱར་བ་ཡིན་ལ་མོ་ནི་ང་རང་ཆེས་དགའ་སའི་བུ་མོ་ཞིག་ཡིན། རྒྱུ་མཚན་གང་ལ་ཞེས་ན། མོ་ཡང་བོད་ཀྱི་རིག་གནས་ལ་ཧ་ཅང་དུངས་པ་ཟབ་པས་ཡིན་རྒྱུ་རེད།།
(མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།