སྙན་ཚོམ་རྟོག་པའི་ངོས་ཀྱི་རི་མོ།
ཡིད་འགྱུ།
སྨུག་སྤྲིན་ཞགས་པ་བཏབ་འདྲའི་རྨི་ལམ་ཡན་པོ།།
འཚོ་བའི་ཐང་ཤིང་སྔོན་མོའི་རྩེ་ལ་བབས་དུས།།
ཆར་སིམ་ཁྲོད་ན་ལུས་པའི་མི་ཚེ་ལྷག་མ།།
བདག་གི་འདོད་དོན་བསྐང་ཕྱིར་གང་དུ་བསྔོ་འམ།།
བས་མཐའི་ཉིད་འོད་འདི་ལ་དམར་མདངས་བཀྲ་ཞིང་།།
གཞོན་པའི་འཛུམ་ཀོང་བྱེ་མའི་ཀློང་དུ་ནུབ་སྐབས།།
ལས་ཀྱིས་དར་ལ་བརྒྱུས་པའི་ཤ་ཉེ་སྤུན་མཆེད།།
ཐོ་ཡོར་གྲིབ་མ་ཙམ་གྱིས་ག་བར་ཕྱིན་སོང་།།
རྒྱང་མིག་སྡོང་རྩེར་ལྷུང་བའི་སྐར་མ་ཕྲ་ཆུང་།།
དྲན་པའི་རྟེན་དུ་གཟེབ་ལ་ཚུད་པ་འདྲ་ཡང་།།
སྐྱབས་ཀྱི་ནོར་བུ་ལོ་ཟླའི་གསེབ་ན་ལུས་པས།།
མགོ་ལ་སེ་མདའ་ལྷུང་བའི་དངན་པ་འཁོར་སོང་།།
ཀྱེ་ཧོ་བདག་གི་ལུས་པོ་ཕར་ལ་བསལ་ཏེ།།
གློ་དང་རྒྱུ་མའི་དོན་སྣོད་རེ་རེར་བསྙབས་ན།།
འཆར་ཡན་ཁྲོད་ཀྱི་གླེགས་བམ་གེའུ་ཁ་སྦྱར།།
གང་དུ་སྦས་པའི་ཤུལ་ཙམ་རྙེད་རྒྱུ་མི་འདུག།
བདག་གི་འཆར་ཡན།
ཡང་བའི་སེམས་ལ་རླུང་སྤུར་ནས།།
མིག་གི་ཆུ་རིས་ཡོམ་པའི་ཚེ།།
ཡིད་ལ་འགུལ་བའི་ལྗོན་པ་ནི།།
བྱེའུ་ཆུང་ཞིག་གི་འཕུར་ས་ཡིན།།
གྱ་གྱུའི་ཤུགས་ལྡན་གཙང་བོ་ཞིག།
བྱེ་ཐང་བརྒལ་ནས་དུབ་པའི་ཚེ།།
ངག་གི་སྐྱོ་དབྱངས་གསིལ་བ་ནི།།
རྣམ་ཤེས་གང་གི་འོད་ཟེར་རོ།།
མི་སྨྲའི་བརྟུལ་ཞུགས་བཟུང་བ་ཡི།།
མེ་ཏོག་ལྟ་བུའི་རལ་གྲི་གང་།།
ཡིད་ལ་བསྣུན་པའི་བརྡ་ཐབས་སུ།།
དཀོན་མཆོག་འབོད་པའི་ཕོ་ཉར་བཏང་།།
གློ་བ་ཟིལ་བས་དཀར་བ་དང་།།
གདོང་ལ་དྲི་མས་ནོངས་བྱས་པའི།།
སྐྱིད་ཆུའི་འགྲམ་གྱི་ཚངས་མགུར་ཞིག།
ཤེལ་ཕོར་གཏིང་ལ་ལྕེབས་ཏེ་ཐལ།།
བདག་གི་མགྲིན་པ་འདར་བ་དང་།།
ཁོང་གི་སྙིང་ཡང་འདར་བ་འདིས།།
ཕ་གིའི་རྩིག་ངོས་ནག་པོ་ལ།།
སངས་རྒྱས་སྟོང་གི་བྱིན་རླབས་འབྱུག།
ཞབས་གདུབ་ཕུད་པའི་རྗེ་བཙུན་མ།།
ལམ་གྱི་དཀར་ནག་མཚམས་སུ་ནི།།
ཡོན་པོའི་སྤྱན་ལ་འཐེང་བོའི་འགྲོས།།
མཉམ་དུ་བསྡེབས་ནས་རྫི་གསང་དོད།།
ཨེ་མ་ལུས་ཀྱི་རྩ་འདི་དང་།།
རླུང་གི་བྱེད་ནུས་བསམ་མི་ཁྱབ།།
བསམ་མི་ཁྱབ་པའི་ངང་ཉིད་ལས།།
ཡིད་ཀྱི་འཆར་སྣང་བསམ་མི་ཁྱབ།།
ཚོད་ཚོད་ལ་བྲིས་པ་ཡིན།
དོ་ནུབ་དགུ་ཆུར་ཅ་ཅོ་ཆེ་ཞིང་།།
སེར་བུ་ཞིག་ཀྱང་ཞོར་ནས་ཁྲིད་དེ།།
ང་ཡི་ཉེ་སར་ཀྱ་ཀྱུར་འབབ་དུས།།
ཇ་ཕོར་ནང་ལ་ཤག་སྒྲ་འཁྱིལ་འོང་།།
མིག་གིས་ཕར་ལ་བལྟས་ཙམ་ཉིད་དུ།།
མདུན་གྱི་དཔྱངས་ཟམ་སྟེང་ལ་ཡན་པའི།།
གྲིབ་རིས་མགྱོགས་པོ་མ་ཡལ་གོང་ལ།།
ཟླ་བ་ནུབ་རིར་བྲོས་པ་མཐོང་འོང་།།
རྟོག་པའི་ངོས་ཀྱི་རི་མོ།
ལུས་སེམས་དགེ་བ་ལ་སྦྱར་ནས།།
འདུག་སྟངས་ཙོག་ཙོག་ཅིག་བྱས་ཏེ།།
བག་ཆགས་སེང་རས་ཀྱི་ངོས་ལ།།
རྗེ་བཙུན་སྒྲོལ་མ་ཞིག་བྲིས་ཡོད།།
ཡིད་ཀྱི་མངོན་འདོད་ལ་བསྲེས་པའི།།
ངག་སྒོ་འདར་འདར་ཞིག་བྱས་ཏེ།།
ཞེད་སྣང་རྔུལ་ཆུ་ཡི་མུ་ཏིག།
བ་སྤུའི་རྩེ་མོ་རུ་བཤམས་བཞག།
ཞོགས་པའི་སྤྲིན་པ་ཡི་མགུལ་འཆིང་།།
དྲན་སྣང་སེར་བུ་དེས་སྒུལ་བཞིན།།
འདས་པའི་ལོ་ཟླ་ཡི་རི་མོ།།
སྙིང་གི་རྩིག་ངོས་སུ་ཤར་འོང་།།
མ་རྒན་སྐྱེས་འབྲས་ནི་མཚར་ལ།།
ཕ་རྒན་དཔུང་ཤ་ནི་སྦོམ་དུས།།
མིང་སྲིང་ངེད་ཅག་རང་སྐྱིད་པས།།
སྣང་བ་མེ་ཏོག་གིས་མི་མཚོན།།
ཁ་དཀར་གཏིང་ནག་གི་དུས་ཚོད།།
སེམས་ལ་དུག་སྦྲང་ལྟར་ཟུག་ཅིང་།།
འདུ་འབྲལ་དམྱལ་སྲུང་གི་ཁྲོ་གཉེར།།
ཁྱི་རྒན་རྒྱ་བོ་ལས་འཇིགས་པ།།
ཡོད་ན་སྐྱིད་མདོག་གིས་འཚོ་བའི།།
བཟའ་མི་དགྱེས་འཛོམས་ཀྱི་ལོངས་སྤྱོད།།
ལྷ་ཡི་འགྲམ་ཆུ་དེ་གཏོང་ས།།
དྲན་ན་གློ་བ་དེ་གས་འོང་།།
བྱིའུ་ཡར་འཕུར་གྱི་མགོ་ལ།།
རྐྱེན་ངན་སྐྱ་ཁྲ་ཡིས་སྤར་མོ།།
ལྕགས་ཀྱི་མཆེ་བ་ལྟར་གཟེངས་ནས།།
འཆི་བའི་མགྲོན་པོ་རུ་ཁྲིད་སོང་།།
མ་ཎི་འུར་འདོན་གྱི་གསེབ་ནས།།
མིང་སྲིང་འདུ་འབྲལ་གྱི་སྐྱོ་བ།།
སྐྲ་ལོའི་འཕྱིང་ཕྱོགས་ལས་འཛར་འོང་།།
དབུགས་ཀྱི་གཏོང་ལེན་ལས་འཛར་འོང་།།
སྡུག་གི་ལོ་ཟླ་ཡི་ཕྲེང་བ།།
དེད་ན་ཕ་མཐའ་ཞིག་མེད་ཀྱང་།།
སྐྱབས་ཡུལ་དཀོན་མཆོག་ལ་བཅོལ་ནས།།
ཁྱེད་ལ་སྐྱེལ་མ་རང་བྱས་ཡོད།།
དེ་རིང་ད་ལྟ་འང་དྲན་པའི།།
སང་ལོའི་ད་མཚམས་ཀྱང་དྲན་པའི།།
མ་ལོའི་སྙིང་དབུས་ཀྱི་ཐིག་ལེ།།
ནམ་རྒྱུན་བརྗེད་ཐབས་དེ་དཀའ་འོ།།
(མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།