དམར་པོ་ཁྲག་གི་མིག་ཆུ།
སྨག་རུམ་ནག་གིས་མྱོས་པའི་མཚན་དགུང་ན།།
དགྲ་གཅན་གཟའ་ཡི་དབང་པོས་མཆེ་སྡེར་ངོམ།།
འོད་གསལ་ཟླ་གཞོན་སྒེག་པའི་ལང་ཚོ་འཕྲོག།
ང་དང་ཀུ་མུད་གཏི་མུག་ཀློང་ན་ལུས།།
མཁའ་གླང་དགྲ་རུ་ལངས་པའི་བར་སྟོང་ན།།
འཇིགས་རུང་གཤོག་པ་ཟུང་གིས་ནམ་མཁའ་སྒྲིབ།།
ཚ་ཟེར་ཡིད་ཀྱི་དབང་བོའི་གཟི་མདངས་བཀག།
ང་དང་པད་མ་གྲང་བའི་འཇིངས་ན་བཅུག།
ནམ་ཟླ་ཡུད་ཀྱིས་འོང་བའི་དུས་ཚིགས་སུ།།
གྲང་རླུང་དམར་པོས་གཤིན་རྗེའི་བཀའ་ལུང་འཁྱེར།།
ལྗང་མདོག་ཚེ་སྲོག་བར་དོ་འགྲིམ་པའི་དུས།།
ང་དང་སྟོན་ལོ་འཇིགས་པའི་འཕྲང་ན་འཁྱེར།།
སྟོང་ཉིད་མཁའ་དབྱིངས་ཟླུམ་པོའི་ཕ་མཐའ་ན།།
གཞན་དབང་བཙན་པོས་མི་ཡུལ་པང་དུ་བཞག།
ཕ་ཞེས་མ་ཞེས་ཨ་ལན་སྟོང་པའི་སྐབས།།
ང་དང་འཇག་མ་རྒྱུས་མེད་ས་མཐར་མྱུལ།།
ཁྲག་དམར་མཆོད་མེར་བཞེངས་པའི་གཡུལ་ས་ན།།
རི་སྤྱང་ཁྲག་རྔམ་ཅན་པོས་མཆེ་བ་གཙིགས།།
མི་རོ་བརྒྱ་ཁྲི་བཞི་སྟོང་དུར་ལ་སྦས།།
ང་དང་རྣམ་ཤེས་དུར་འཁྲོད་གསེབ་ན་འཁྱམས།།
ཁ་ཆར་བུ་ཡུག་འཚུབ་པའི་དུས་མཐའ་ན།།
གངས་ལྷག་འདྲེ་རུ་ལངས་པའི་སྔ་ལྟས་སྟོན།།
ལོ་མ་ཟག་ཅིང་སྡོང་པོ་ས་ལ་འགྱེལ།།
ང་དང་འཇོལ་མོ་ནགས་མཐའི་གསེབ་ན་གྱར།།
གཏམ་དང་མི་ཁ་འཚུབ་པའི་མི་ཚེ་ན།།
ལས་དབང་སྤུ་གྲི་ངར་མའི་སོ་ཁ་ཡིས།།
བརྩེ་བ་དྭངས་མ་ཞིག་གི་རྒྱུན་ཐག་བཅད།།
ང་དང་ཆུང་འདྲིས་སོ་སོའི་ལམ་ལ་གྱེས།།
འགྲོ་བའི་ལམ་སྣེ་མི་མངོན་མཚན་མོ་ན།།
སྲིན་བྱ་འུག་པའི་ཐན་སྐད་ལན་གསུམ་གྲགས།།
བདེན་པའི་བུ་ཆུང་ཞིག་གི་བློ་ཁ་དཀྲུགས།།
ང་དང་སེམས་པ་གཅོང་རོང་གྲོག་ལ་བཅུག།
(མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།