དྲན་མགུར་ཁུ་བྱུག་མགྲིན་གླུ།
ཡ་གིའི་དགུང་སྔོན་གྱི་དབྱིངས་སུ། །
དབང་མེད་ལས་རླུང་གིས་སྐྱོད་པའི། །
གནམ་མཐའི་སྤྲིན་པ་དེའི་འོག་ན། །
བདག་གི་གཅུང་མོ་དེ་ཡོད་སྐད། །
དར་ཟབ་གཙང་གཙང་ཞིག་མནབས་ཤིང༌། །
རླངས་འཁོར་ཆུང་ཆུང་ལས་བབས་ཏེ། །
འབོལ་གདན་མཉེན་མཉེན་དུ་སྡོད་ཚེ། །
གཅུང་མོ་བདེ་བདེ་ཞིག་འདྲ་ཞིང༌། །
མེ་ཏོག་འཁྲི་ཤིང་གི་ཚལ་ན། །
དགོད་སྒྲ་སང་སང་གི་དྭངས་མ། །
ཤེལ་དཀར་པི་ཙེ་རུ་འཇལ་ཚེ། །
གཅུང་མོ་སྐྱིད་སྐྱིད་ཅིག་འདྲ་ཡང༌། །
རྒྱུས་མེད་མི་ཡུལ་གྱི་ལུང་བར། །
གཞན་ངོ་དཀར་ནག་ཅིག་འཚོས་ཏེ། །
འགྲོ་ཤེས་འདུག་ཤེས་ཤིག་དགོས་དུས། །
གཅུང་མོ་སྐྱིད་པོ་རང་འདུག་གམ། །
རྒྱང་རིང་ཕ་ཡུལ་གྱི་ཆུ་འཛིན། །
སྐྱོ་བའི་མིག་ཆུ་ཞིག་འཁྲུགས་ཏེ། །
ཁྱོད་ཀྱི་རབ་གསལ་དུ་ཉལ་ཚེ། །
སྣང་བ་སྐྱོ་སྐྱོ་ཞིག་མཆིས་སམ། །
སྤྲིན་པ་ཐར་ཐོར་གྱི་གསེང་ན། །
གསལ་གསལ་དུང་དུང་གི་ཐིག་ལེ། །
ཟླ་བ་ཁེར་འདུག་དེ་མཐོང་ཚེ། །
སེམས་པ་གཅོང་གཅོང་ཞིག་ཡོད་དམ། །
སྤྲིན་མགོ་སྔོ་ནག་གི་ཀློང་ནས། །
མཛའ་མཐུན་ཕོ་ཁྱུང་གི་གཡུ་འབྲུག །
གདུང་དབྱངས་དར་དིར་ཞིག་འཐེན་ཚེ། །
མིག་མཐའ་རླན་རླན་ཞིག་མིན་ནམ། །
སྲིབ་རི་ལྕང་ལོ་ཡི་གསེབ་ནས། །
སྙིང་སྡུག་ཁུ་བྱུག་གི་བུ་མོས། །
སྐྱོ་མགུར་དུང་དུང་ཞིག་བླངས་ཚེ། །
མིག་ཆུ་ཤར་ཤར་དུ་འཇོའམ། །
དཔྱིད་གསུམ་མེ་ཏོག་ཅིག་བཞད་དུས། །
ན་ཆུང་རྩེ་རོགས་དེ་དྲན་ཞིང༌། །
དབྱར་གསུམ་ཆར་ཟིམ་ཞིག་བབས་ཚེ། །
ན་ཟླའི་སྙིང་གཏམ་དེ་ཨེ་དྲན། །
སྟོན་གསུམ་སྤྲིན་མགོ་ཞིག་བྲེལ་དུས། །
ཨ་ཕའི་ན་ཚོད་དེ་དྲན་ཞིང༌། །
དགུན་གསུམ་ཁ་བ་ཞིག་བབས་ཚེ། །
ཨ་མའི་སྐྲ་ལོ་དེ་ཨེ་དྲན། །
རྫ་རི་སྨུག་རླངས་ཀྱི་ཁྲོད་ན། །
ལྷ་བྱ་གོང་མོ་ཡི་སྐད་སྙན། །
རྫི་གླུ་སང་སང་གི་འགྱུར་ཁུགས། །
མེ་ཏོག་སེར་ཆེན་གྱི་ཐང་ན། །
འབྲི་མོའི་བེའུ་ཆུང་གི་རྩེད་བྲོ། །
རྐྱེན་སྣང་དེ་དག་ལ་བསམ་ན། །
སྐྱོ་བ་སངས་དུས་ཤིག་མཆིས་སམ། །
འདི་ན་དབྱར་དགུན་གྱི་ཞིང་སར། །
རེས་སྐྱིད་རེས་སྡུག་གི་ངང་ཚུལ། །
སྐྱ་སྔོའི་ཟློས་གར་གྱི་ཞར་ལ། །
ཁྱེད་རང་བརྗེད་ཐབས་ཤིག་མི་འདུག །
ཕུ་ཡི་དྭངས་བསིལ་གྱི་རྫ་ཆབ། །
ཁྱེད་རང་བརྗེད་པ་རང་མི་འདུག །
འབབ་རྒྱུན་ལྷུང་ལྷུང་གི་སྒྲ་ལ། །
གླུ་སྐད་སང་སང་དེ་བསྟིམས་འདུག །
མདའ་ཡི་ནེའུ་གསིང་གི་ཐང་ཆེན། །
ཁྱེད་རང་བརྗེད་པ་རང་མི་འདུག །
ལུ་གུའི་མེ་ཏོག་གི་ཚལ་ན། །
ཞབས་རྗེས་ཆུང་ཆུང་དེ་བཞག་འདུག །
བར་གྱི་དྭངས་གསལ་གྱི་མཚེའུ། །
ཁྱེད་རང་བརྗེད་པ་རང་མི་འདུག །
རླབས་ཕྲན་རི་མོ་ཡི་ངོགས་ན། །
ཞལ་རས་གོར་གོར་དེ་བྲིས་འདུག །
ཞོགས་པའི་བསང་དུད་དེ་གཏོང་དུས། །
ཁྱེད་རང་བརྗེད་པ་རང་མི་འདུག །
ཕ་ལོའི་ལྷ་བསང་གི་ཐོག་མ། །
ཁྱེད་ཀྱི་ལུས་ལྷ་ལ་བསང་འདུག །
སྲོད་ཁའི་དགོང་ཚོགས་དེ་འདོན་དུས། །
ཁྱེད་རང་བརྗེད་པ་རང་མི་འདུག །
མ་ལོའི་སྨོན་ལམ་གྱི་དང་པོ། །
ཁྱེད་ཀྱི་ལས་སྐལ་ལ་སྨོན་འདུག །
དགའ་བའི་དུས་སྟོན་ལ་རོལ་ཚེ། །
ཁྱེད་རང་བརྗེད་པ་རང་མི་འདུག །
མིང་སྲིང་བཞུགས་གྲལ་གྱི་མགོ་ན། །
ཁྱེད་ལ་བཞུགས་གདན་ཞིག་བཞག་ཡོད། །
མར་མེའི་རྐོང་ཆུང་གི་ངོགས་སུ། །
བཟའ་ཚང་གོ་འདུས་ཤིག་བྱས་ཏེ། །
སྐྱིད་སྡུག་གླེང་མོལ་ལ་རོལ་ཚེ། །
ལུས་སེམས་སྟོང་བ་རུ་འདུག་ཅིང༌། །
མཚན་མོའི་ལྷགས་རླུང་དེ་ལྡང་བས། །
སྦྲ་འདབ་ལྷབ་ལྷུབ་ཏུ་སྐྱོད་ཅིང༌། །
སྒོ་ཁྱིས་གཅོང་ཟུག་ཅིག་བྱས་ཚེ། །
སེམས་པ་ཆུ་ཀླུང་ལས་གྲང་བྱུང༌། །
ཁྲུང་ཁྲུང་ལྷོ་ཕྱོགས་སུ་འཕུར་དུས། །
ཁྱེད་ལ་འཕྲིན་པ་རེ་བསྐུར་ཡང༌། །
ཕྱི་ལོ་འདི་ཕྱོགས་ལ་ཕེབས་དུས། །
འཕྲིན་ལན་གནང་བ་ནི་མི་འདུག །
ཁུ་བྱུག་མོན་ཡུལ་ནས་འོང་དུས། །
ཁྱོད་ཀྱི་སྐྱིད་སྡུག་དེ་ཐོས་འདྲ། །
སྐྱོ་སྐྱོ་དུང་དུང་གི་ངག་གིས། །
ལབ་གླེང་མང་པོ་ཞིག་བྱེད་འདུག །
ཇོ་མོ་གངས་དཀར་གྱི་རྩེ་ནས། །
རྒྱང་འབོད་ལན་གསུམ་དུ་བྱས་ཡོད། །
རི་གཟར་བྲག་ཅ་དེ་བརྒྱུད་ནས། །
དེ་ཀས་ཐོས་པ་རང་ཨེ་བྱུང༌། །
རྟ་མཆོག་ཁ་འབབ་ཀྱི་ཆུ་ལ། །
ཁ་དར་ལན་གསུམ་དུ་ཕུལ་ཡོད། །
རྒྱང་རིང་ས་ཆེན་དེ་བཅད་ནས། །
དེ་ཀར་སླེབས་པ་རང་ཨེ་བྱུང༌། །
དྲི་བཞོན་བུ་མོ་ཡི་ངག་ལ། །
གཡང་དཀར་འབའ་སྒྲ་ཞིག་བསྐུར་ཡོད། །
ངེས་མེད་ས་ཕྱོགས་ནས་རྒྱུ་ཏེ། །
དེ་ནས་གསན་པ་རང་ཨེ་བྱུང༌། །
ལྷོ་སྤྲིན་ཕྱུག་མོ་ཡི་ཀློང་ལ། །
དྲན་པའི་གདུང་སེམས་ཤིག་བཅངས་ཡོད། །
སྐྱོ་བའི་མིག་ཆུ་རུ་གྱུར་ནས། །
དེ་ཀར་བབས་པ་རང་ཨེ་བྱུང༌། །
དྲན་གདུང་རི་རབ་ཀྱི་ཕུང་བོ། །
བསྙིལ་བས་ཚར་རྒྱུ་ཞིག་མི་འདུག །
མཆི་མ་དབྱར་གཞུང་གི་ཆར་བ། །
བབས་པས་འཛད་རྒྱུ་ཞིག་མི་འདུག །
དེ་འདྲའི་སྐྱོ་སྐྱོ་རང་མི་དགོས། །
སྙིང་ལ་རུས་པ་ཞིག་སྐྱེད་དང༌། །
ལས་དང་སྐལ་བ་རེ་ལྡན་ན། །
འཕྲད་པའི་དུས་ཚོད་ཅིག་ལོས་ཡོད། །
རྩོམ་ཁུངས།