རྨི་ལམ་གྱི་འཇིགས་པ།
ལས་ཡ་མཚན་ལྟད་མོ་ཅི་ཡང་མཐོང༌། །
སྙིང་འཇིགས་སྐྲག་སྣང་བ་བཟད་དུ་མེད། །
མདང་མར་ཉལ་རྨི་ལམ་ཐུན་གསུམ་མ། །
དུས་ད་ལྟ་དྲན་ཡང་ཡ་རེ་ང༌། །
ཞེ་སྡུག་བསྲན་དྲག་པོས་བརྣགས་ན་ཡང༌། །
སྙིང་ཟུར་གསུམ་ཁང་ཆུང་གཞིག་གིས་དོགས། །
ད་ཤར་མར་ཡི་གེའི་རི་མོར་སྤེལ། །
ཁྱེད་ཀློག་མཁན་སྤྱན་ལ་གཟིགས་མོར་སྤྲོ། །
ཕྱི་གཞིས་ཁྱིམ་ཁང་ཆུང་ཚ་གྲང་སྙོམ། །
ནང་མལ་གོས་དར་ཟབ་རེག་བྱ་འཇམ། །
འཕྲལ་ལུས་སེམས་བདེ་བའི་ཉམས་ཤིག་ཤར། །
སྐད་ཅིག་གིས་རྨི་ལམ་གྲོང་འདབས་ཉུལ། །
ཡུད་ཙམ་ན་མཛེས་སྡུག་འཁྲིལ་བག་ཅན། །
མདངས་དཀར་དམར་ཆུ་སྐྱེས་སླུ་བྱེད་པ། །
ཕྱག་རེག་འཇམ་ཡལ་འདབ་ལྔ་བ་ཞིག །
ངའི་དཀྱིལ་ཡངས་བྲང་ལ་འཁྱུད་ནས་བྱུང༌། །
ཆུང་ཞིམ་མངར་ནུ་ཞོས་བསྐྱེད་པ་ཡི། །
ངའི་དྲིན་ཅན་མ་ལོ་ཡིན་ནམ་སྙམ། །
ཐུགས་ལྷག་བསམ་ཞལ་ཏས་བསྐྱངས་པ་ཡི། །
ཁོང་བྱམས་ལྡན་ཕ་ཡང་ཡིན་སྣང་སྐྱེས། །
ཡང་ཟོལ་མེད་དག་པའི་དུང་སེམས་ཅན། །
ངའི་གཏན་གྲོགས་མཛའ་མོ་ཨེ་ཡིན་སྙམ། །
མཐར་གཞལ་མེད་ཐུགས་རྗེའི་ཁྱབ་བདག་ནི། །
ལྷ་བདག་ཉིད་ཆེན་པོའི་ཕོ་ཉར་བརྟགས། །
དུས་ཡུན་རིང་འདྲེས་པའི་བག་ཆགས་ཀྱིས། །
ཡིད་དགའ་དད་སྐྱོ་ཤས་མཉམ་གཅིག་སྐྱེས། །
འཛུམ་སོ་དཀར་རི་མོ་ཐོད་ལ་བླངས། །
བློ་ཡིད་ཆེས་གློ་སྙིང་ལག་ཏུ་གཏད། །
ཀྱེ་མ་མ་མི་བཟད་ཁྲོ་གཉེར་ནི། །
དཔངས་རྔམ་མཐུག་ཆར་སྤྲིན་བརྩེགས་པའི་ཟླ། །
ཡིད་འཇིགས་རུང་ཐོ་ཡོར་ནག་རོ་བ། །
འབྲོས་ཐར་མེད་སྙིང་ཁར་འགྱེལ་འདི་ཅི། །
ལས་ཉེས་མེད་མི་ལུས་འདོམ་གང་བ། །
དབུས་རི་རབ་རྡོག་པས་མནན་འདྲ་བྱུང༌། །
བློ་བག་ཡངས་ཉལ་བའི་ཆུ་གཏེར་ཡང༌། །
སྙིང་འཇིགས་སྐྲག་འཐོར་རླུང་དྲག་པོས་གཡོ། །
ཕྱི་སྣོད་བཅུད་བརྟན་གཡོའི་ཆོས་དག་ནི། །
མིག་གཟུགས་འཛིན་དབང་པོར་མངོན་སུམ་བཀྲ། །
ནང་རང་གཞན་གཤིས་ལུགས་མ་ལུས་ཀྱང༌། །
ཡིད་སྒྲིབ་བྲལ་གཞི་ལ་འཆར་མོད་ཀྱི། །
འགུལ་འདོད་ཚེ་གདོས་བཅས་ཕུང་བོ་ཁོ། །
དཔར་རི་མོར་ཕབ་པའི་གཟུགས་བརྙན་བཞིན། །
སྨྲ་འདོད་ཀྱང་ངག་གི་འདབ་མ་ནི། །
མགྲིན་དཀར་ནག་མཚམས་ན་ཨར་ལ་གཏད། །
སྟེང་ལྷ་ལམ་གནམ་ཕུགས་མཐོ་སྙམ་ཡང༌། །
མགོ་དགྱེ་ཙམ་མི་ནུས་མནན་ཏེ་བྱུང༌། །
དམའ་སྣ་ཚོགས་འཛིན་མ་ཡངས་སྙམ་ཏེ། །
རྐང་རྐྱོང་སྐུམ་མི་ཤོང་གཏད་ནས་འདུག །
ལུས་ཁྲོམ་ཁྲོམ་འབབ་པའི་དངུལ་ནག་འདིས། །
ཤ་རུས་པའི་ཕུང་བོ་གཞིག་ལ་བརྩོན། །
དབུགས་ཐེར་ཐེར་རྒྱུ་བའི་འཆི་ཞགས་འདིས། །
སྲོག་དྲན་པའི་མགྲིན་ཐག་འཆིང་ལ་ཉེ། །
ལྷ་ཡོད་ན་སྲིད་ཞིའི་ལྷ་ཚོགས་མཁྱེན། །
ལས་འདི་ཚོད་འདྲ་ཞིག་ཅི་ལ་བྱུང༌། །
སེམས་ཇི་ལྟར་ནང་དུ་བསྐོར་ན་ཡང༌། །
འདིའི་རྒྱུ་རྐྱེན་སྐུད་སྣེ་རྙེད་རེ་སྐན། །
སླར་ཡང་ཡང་བརྟགས་པའི་ཐ་མ་ལ། །
ཡིད་ཀུན་རྟོག་དར་དམར་ཡོལ་བ་རུ། །
དོན་བདེན་པའི་གཟུགས་བརྙན་ངང་གིས་ཤར། །
རིག་སད་པའི་ངེས་ཤེས་གཏིང་ནས་འདྲོངས། །
ཐབས་རྒྱུ་མས་སྤྲུལ་པའི་ལག་པ་ཞེས། །
གནས་ག་ཤེད་ཡུལ་ནས་ཐོན་པ་དྲན། །
ལྷ་ཆེན་པོའི་ཕོ་ཉ་ཡིན་ནོ་ཟེར། །
དངོས་གྲུབ་ཀྱི་བགོ་སྐལ་འགྱེད་དོ་སྐད། །
ལག་ཡར་སྐོར་རིན་ཆེན་མན་གསལ་བཤམས། །
དེའི་སྟེང་དུ་མར་ཁུའི་མཆོད་ཡོན་སྤྲོ། །
མར་ཕྱོགས་ན་སྟར་ཤིང་ལོ་མ་དཀྲིགས། །
དེ་ལ་ཡང་ཚེར་མའི་སྤུ་རིང་གཟེངས། །
མཐོ་ཉིན་བྱེད་སྣང་བ་རླབས་པོ་ཆེ། །
ཕྱོགས་རིས་མེད་གླིང་བཞི་གསལ་ནའང༌། །
རང་གྲིབ་མས་ཁེབས་པའི་ས་ཙམ་ལ། །
དེ་ཉིད་ཀྱང་འགོག་པའི་གྲབས་ཤོམ་རྩོམ། །
བློ་འཕྲུལ་བའི་གཤོག་ཟུང་ལྡན་གྱུར་ན། །
ལག་སོར་མོའི་བར་ནས་ཐར་ཡང་སྲིད། །
གཞན་དྲང་བོར་སྤྱོད་པ་ཕལ་བའི་ཚོགས། །
དབུགས་དགག་དོགས་འཇིགས་པས་ཉིན་མཚན་སྦྲེལ། །
ལར་ཡིན་རྒྱུ་དེ་ག་ཡིན་ནས་གདའ། །
དེ་ཡིན་ཀྱང་བྱ་ཐབས་ཟད་ནས་བྱུང༌། །
བྱེའུ་ཅོ་ཀས་ཕ་ཝང་མི་ལྕོགས་སྙམ། །
འཇིགས་ཡེ་རེ་རེ་ཞིག་བསྡད་མོད་ཀྱི། །
ལས་ཐ་མ་བཟོད་པའི་ཐབས་ལམ་ཟད། །
ལྷ་ཡེ་ཤེས་བདག་ཉིད་ཆེན་པོ་ཞེས། །
ངག་ལྷང་ངེ་ཐེངས་གཅིག་བོས་པ་ཡིས། །
གཉིད་ཡེ་རེ་སད་འདི་ཨ་རེ་སྤྲོ། །
སྙིང་ཀླད་མེད་སྨྱོན་པའི་རྐང་བྲོ་ནི། །
དུས་ད་དུང་བྲང་གི་སྟེགས་བུར་རྡུང༌། །
འདི་རྨི་ལམ་ཡིན་ན་དགའ་བ་ལ། །
དོན་དངོས་ཚུལ་ལགས་ན་ཇི་ལྟར་བྱ། །
རང་བྱུང་གི་སྣང་ཚུལ་ཡིན་ནོ་ཟེར། །
ཚན་རིག་གི་འགྲེལ་བ་ཡོད་དོ་སྐད། །
འགྲེལ་བཤད་ཅིག་ཡོད་ན་དགའ་བ་ལ། །
འགྲེལ་མེད་དུ་ལུས་ན་ཡི་རེ་ཆད། །
རྩོམ་ཁུངས།