འཛུམ་ཞལ།
——ཟླ་ངོ་བཞི་ཙམ་་ལོན་པའི་བུ་ཕྲུག་ལ་ཕུལ་བ།
དགུན་གསུམ་བཀྲ་ཤིས་ཁ་བ་དཀར་པོས། །
ལོ་ལོ་ཁྱོད་ཉིད་ང་ལ་གནང་བྱུང༌། །
དཔྱིད་གསུམ་མེ་ཏོག་རྫི་རླུང་གསར་བས། །
ལོ་ལོ་ཁྱོད་ཀྱི་འཛུམ་ཞལ་ཕྱེ་སོང༌། །
པ་པ་འཛུམ་ཙམ་ཤེས་པ་ཉིད་ནས། །
པ་པས་འཛུམ་ངོ་སུར་ཡང་བསྟན་སོང༌། །
ལོ་ལོ་ཁྱེད་རང་ང་དང་མི་འདྲ། །
ལོ་ལོའི་འཛུམ་ལ་ཉེ་རིང་ཕྱེ་འདུག །
པ་པ་དང་པོ་འཆུག་ཐེངས་གཅིག་གིས། །
པ་པའི་མི་ཚེ་ཕྱེད་ཀ་ཡོལ་ཐལ། །
ལོ་ལོའི་སྐུ་ཚེ་སྐྱེས་ཐག་རིང་ཡང༌། །
ལོ་ལོའི་གོམ་པ་དང་པོ་འགྲིག་སོང༌། །
ལོ་ལོ་པ་པའི་སྔུན་ན་ཆུང་ཡང༌། །
ལོ་ལོ་ཡིན་ལ་ངོ་གནོང་མི་འདུག །
པ་པ་ལོ་ལོའི་སྔུན་ན་ཆེ་ཡང༌། །
པ་པ་ཟེར་ཚེ་སེམས་པ་ཁྲེལ་བྱུང༌། །
ལོ་ལོ་ཐོག་མའི་འཛུམ་ཞལ་སྟོན་ས། །
ལོ་ལོ་གཏན་གྱི་འཛུམ་ཞལ་སྟོན་ས། །
ལོ་ལོ་བདེན་པའི་འཛུམ་ཞལ་སྟོན་ས། །
ལོ་ལོ་ཁྱོད་རང་མ་མ་ཁོ་ན། །
རྩོམ་ཁུངས།