མཚོ་སྔོན་པོའི་གནས་བསྟོད་དྲི་ཟའི་གླུ་དབྱངས།
དྲི་བཞོན་ལག་པས་དལ་བུར་བསྐྱོད་པའི་ཕ་མཐར་བྲལ་བའི་རྒྱ་མཚོ་བཞིན།།
སྒང་གཤོང་མི་མཉམ་གར་སྟབས་བསྒྱུར་བའི་མཁྲང་ཟླུམ་བླ་ཡི་འཁྲི་ཤིང་གི།
མཛེས་ཆོས་རབ་གསལ་མར་གད་མདངས་འཕྲོག་སྔོ་ལྗང་རྩྭ་ཡི་ཤམ་ཐབས་ནི།།
རང་སྐྱེས་མེ་ཏོག་འཇའ་རིས་བཀྲ་བ་ཁོད་ཡངས་ནམ་མཁའི་འདབས་དང་འབྲེལ།།
དཔྱིད་དཔལ་དར་བས་ལང་ཚོ་རབ་རྒྱས་ཁྱོན་ཡངས་ཁོད་སྙོམས་བྲང་གི་ངོས།།
གྲངས་མེད་རིན་ཆེན་བཅུད་ཀྱིས་བརྟས་པའི་ས་འཛིན་ནུ་འབུར་ཆེས་མཐོ་བ།།
མཐོང་བའི་སྐྱེ་བོའི་རྣམ་ཤེས་ཡལ་དོགས་དེ་ཡི་མཛེས་པ་ཅུང་བསྒྲིབ་ཕྱིར།།
དྲི་ཟའི་བུ་མོས་འཕྲུལ་གྱིས་བཏགས་པའི་སྲབ་ཡང་སྤྲིན་དཀར་སྟོད་གཡོགས་འཕྱུང་།།
བེེ་ཌྰུར་ཞུན་མར་གཡུ་ཡི་མདངས་འདྲེས་གཏིང་མཐའ་མི་མངོན་དྭངས་བསིལ་མཚོ།།
དཔག་མེད་བརྩེ་དུངས་བཅུད་ཆགས་མིག་ནི་མཐོ་རིས་མཛེས་སྡུག་ཀུན་གྱི་དཔྱིད།།
གཅིག་ཏུ་འཁྱིལ་སྙམ་འདབ་སྟོང་གྲོལ་བའི་ཨུ་ཏྤལ་གསར་བའི་བདུད་རྩིའི་རོ།།
བག་མེད་སྤྱོད་པའི་བུང་བ་ཇི་བཞིན་འདབ་ཆགས་སྣ་ཚོགས་འཕུར་ལྡིང་རོལ།།
སྙིང་གི་མཛའ་བོའི་གམ་དུ་བགྲོད་ཕྱིར་སྲོད་ཀྱི་དུས་སུ་ཉེ་བ་ན།།
མཛེས་པར་ཆས་པའི་མཛའ་ན་མོ་བཞིན་མཐར་བཞིའི་རི་ལུང་ཀུན་ཏུ་ཡང་།།
རྟ་ནོར་ར་ལུག་ཁྲ་ལེར་བཀྲམས་པ་དུང་དང་མུ་ཏིག་ལེགས་བསྟར་བའི།།
འཕྱོར་སྒེག་རྒྱན་བཟུང་གསེར་ལྡན་དགའ་མར་སྙན་ཚིག་མེ་ཏོག་འཐོར་བར་འོས།།
མཐོ་རིས་ཡུལ་དུ་ལན་བརྒྱར་བཙལ་ཡང་རྙེད་པར་དཀའ་བའི་གནས་ཀྱི་མཆོག།
མཆོག་ཏུ་མཛེས་པའི་རང་བྱུང་ཡུལ་ལྗོངས་དགེ་བཅུའི་ཡོན་ཏན་ལྷུན་གྱིས་གྲུབ།།
གྲུབ་པ་རིག་འཛིན་འདུས་པའི་ཕོ་བྲང་མཚོ་སྙིང་རིན་ཆེན་རྡུལ་བརྩེགས་རི།།
རི་བོ་ཁྱད་འཕགས་མ་ཧྰ་དེ་བ་གནམ་མཚོ་འདྲེས་པའི་མཚམས་སུ་བརྗིད།།
གནའ་ནས་ཡུལ་འདི་རྟེན་དུ་བཅས་པའི་སྤྱང་གྲུང་སྙིང་སྟོབས་ལྡན་པའི་རིགས།།
རིགས་ཀྱི་ཁྱད་ཆོས་སྐད་དང་ཆ་ལུགས་ཡུལ་སྲོལ་སྤྱོད་བཟང་ཆུ་བོའི་རྒྱུན།།
རྒྱུན་བཟང་ཉམས་མེད་མིག་གིས་མཐོང་ཚེ་དགའ་བའི་སྤུ་ལོང་དབང་མེད་གཡོ།།
གཡོ་མེད་སེམས་ཀྱིས་གང་འཚམ་ལས་བྱེད་ཅན་བཞི་འཛུགས་སྐྲུན་བྱ་བར་བྲེལ།།
རྩོམ་ཁུངས། དོར་ཞིའི་གསུང་རྩོམ་ཐོར་བུ།