མྱ་ངན་གྱི་ཐང་ཆེན་ཞིག་ན།
སྔོན་དང་ཕྱི་མའི་མཐའ་ལ་མཁས་པ་ཡི།།
ཡབ་དང་ཡུམ་གྱི་སྙོམས་འཇུག་ཏིང་འཛིན་གྱིས།།
གདོས་བཅས་ལུས་ཀྱི་ཁང་བཟང་བསྐྲུན་ན་ཡང་།།
ན་ཆུང་བྱིས་པའི་གོམ་འགྲོས་འཁྱར་འཁྱོར་ཉིད།།
དགུན་ལ་བསྒྲུགས་པའི་ཤ་དང་མར་རྣམས་ཟད།།
དབྱར་ལ་རེ་བའི་ཞོ་དང་འོ་མ་རིང་།།
འཚོ་བའི་རྟེན་གྱི་ཁུག་མ་སྟོང་ལ་ཉེ།།
ང་ཉིད་འཆི་བའི་ཕྱི་ཡི་རྒྱུ་རྐྱེན་ཚང་།།
ཤ་ཁྲག་ལུས་ཀྱི་ཕུང་བོ་ནད་ཀྱིས་མནར།།
རུས་གོང་འདབ་མ་རླུང་གིས་དབང་མེད་སྐྱོད།།
ཕྱོགས་དང་ཕྱོགས་མཚམས་མི་ཡི་གྲིབ་མས་དབེན།།
སྙིང་ལ་བརྣག་པ་འཚོ་བྱེད་སྨན་གྱི་རྫས།།
བློ་ལྡན་ཕོ་རྒོད་ལྔ་བའི་ལམ་དུ་གཤེགས།།
བྱམས་ལྡན་ཡུམ་ཆེན་ཆུ་རྙོག་རླབས་ཀྱིས་ཁྱེར།།
ཁྲེལ་ཡོད་ན་ཟླའི་ཚོགས་རྣམས་ཡུལ་གྱིས་བསྐལ།།
ང་ཡི་ངུ་ངག་འདི་དག་སུ་ཡིས་ཐོས།།
སྨྲེང་བའི་རྣག་གིས་ལུས་ཀྱི་བྱང་ཁོག་གང་།།
མིག་ཆུའི་ཐིགས་པས་བྱེ་མའི་ས་གཞི་བརླན།།
ནུར་བས་སྐྱོད་པའི་རྗེས་ཤུལ་རི་མོ་གསལ།།
ཆ་རྒྱུས་མེད་པ་སྒྱུ་མའི་ཞིང་དུ་སླེབས།།
མུ་ཏིག་ལུས་ཕུང་འདམ་གྱིས་དྲི་མས་སྦགས།།
གཟི་འོད་ལང་ཚོ་སུས་ཀྱང་མཐོང་ནུས་མིན།།
སྒྱུ་མའི་ན་ཆུང་ཚོགས་ཀྱིས་མིག་ལམ་ན།།
གདོན་གྱི་ཐ་གུ་སྒྲིལ་བའི་མདུད་པ་ཉིད།།
བཙན་པོའི་བུ་ཡིས་བརྡུངས་ཀྱང་རྒྱབ་རོགས་མེད།།
ཡན་ལག་རྣམས་ལྔ་རྨས་ཀྱང་སྨན་པ་མེད།།
ཤར་ནུབ་གང་དུ་འཕགས་ཀྱང་བདག་པོ་མེད།།
མཐོ་དམན་སུ་ཡིས་བརྙས་ཀྱང་རིན་ཐང་མེད།།
ཆུ་ལ་སྐྱུར་བས་ལང་ཚོའི་རི་མོ་བསུབས།།
མེ་ཡིས་བསྲེགས་པས་ལུས་ན་རྨ་ཁ་མང་།།
རླུང་ནག་འཚུབ་མས་འདམ་རྫབ་ཁྲོད་དུ་འཕངས།།
ས་ཡི་སྟེང་ནས་ཀུན་གྱིས་རྐང་པས་བརྫིས།།
དེ་ལྟར་འབྱུང་བཞི་འཁྲུགས་པའི་ཡོ་ལང་གིས།།
དམར་ཆུང་སྲོག་གི་རྩ་བར་བཟང་གྱུར་ཀྱང་།།
རྟེན་འབྱུང་རྒྱལ་པོས་བྱིན་པ་སྲོག་གི་རྒྱུན།།
དུམ་བུར་གཅོད་པའི་ལས་ལ་ཐམས་ཅད་རྨོངས།།
ས་བདག་རྒྱལ་པོ་མནལ་བའི་རྨི་ལམ་གྱིས།།
ང་ཡི་སྲོག་གི་རིན་ཐང་རྟོགས་གྱུར་ཀྱང་།།
རྒྱལ་སྲས་དར་མའི་རིགས་ལ་གནོད་དོགས་ནས།།
ཕོ་འདོམ་དགུ་ལྡན་དོང་གི་ཞབས་སུ་སྦས།།
འུར་ཟིང་རླུས་གིས་སྐྱོད་པའི་འཇིག་རྟེན་མིས།།
ང་ཡི་ཕྱོགས་སུ་མིག་ཞགས་མ་གཏད་ཀྱང་།།
མཁའ་སྤྱོད་ཞིང་ན་བཞུགས་པའི་ཨ་མ་ཡི།།
སྤྲུལ་བའི་རྣམ་ཤེས་ང་ཡི་གམ་དུ་ཕེབས།།
གོས་ཀྱི་སྒྲིབ་གཡོགས་མེད་པ་གཅེར་བུའི་ལུས།།
ཨ་མའི་འཕྲུལ་གྱི་ཞགས་པས་དྲངས་གྱུར་ཀྱང་།།
ཁོར་ཡུག་འཁྱགས་པས་བསྡམས་པའི་ལྷགས་རླུང་ཁྲོད།།
ལུས་སུ་མཐོང་བ་གྲང་བའི་བ་སྤུ་ཉིད།།
གྲང་རེག་རྣོན་པོའི་ངར་ལྡན་དགུན་གྱི་མགྲོན།།
ཕྱིར་མི་འོང་བའི་ས་ལ་གཤེགས་ན་ཡང་་།།
ལྟོགས་སྐོམ་ཨ་ཐང་ཆད་པ་དཔྱིད་ཀྱི་བུ།།
འཆི་དང་གསོན་པའི་ངེས་པ་ལྐོག་གྱུར་ཉིད།།
རྩོམ་ཁུངས། འཇིགས་མེད་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས།