དུངས་སེམས་རླབས་ཀྱི་ཟེགས་མ། ༢
བླང་དོར་འོ་ཆུ་དེ་འབྱེད་ལ།།
ངང་བའི་ན་ཆུང་ཁོ་མཁས་ཀྱང་།།
བཅོས་འཛུམ་ཆུ་ནང་གི་ཟླ་གཟུགས།།
དུང་སེམས་པད་རྩ་རུ་འཁྲུངས་སོང་།།
རྒྱུས་མེད་ཞག་གསུམ་གྱི་བྱམས་པ།།
ཆུ་ལ་འཁྲུངས་པ་ཡི་མེ་ཏོག།
མི་བརྟན་ལྕུག་ལྕུག་ཏུ་གཡོ་བ།།
ཉ་མོའི་བྱེད་ལས་ཤིག་ཡིན་ནམ།།
སེམས་པ་འཇའ་ཚོན་གྱི་རི་མོ།།
ཚུར་ལ་འོང་ཐབས་དེ་དཀའ་ཡང་།།
མོས་འདུན་སྨུག་རླངས་ཀྱི་ན་བུན།།
ཕར་ལ་བཟློག་ཐབས་ཤིག་མི་འདུག།
སྐུ་ལུས་ཆུ་ཀླུང་གི་འབབ་རྒྱུན།།
ཟམ་མིག་གཅིག་འོག་ཏུ་ཚུད་ཀྱང་།།
སེམས་པ་ཆུ་འགོ་དང་ཆུ་རྔ།།
ལྷན་དུ་འཕྲད་ཐབས་ཤིག་མི་འདུག།
སེམས་དང་སེམས་པ་ཡི་མཐུན་ཕྱོགས།།
གཅིག་ཏུ་འདྲེས་པ་རང་མེད་ན།།
གོས་དང་གོང་བ་ཡི་འདབ་མ།།
འདྲེས་དང་མ་འདྲེས་རང་མི་འདུག།
མི་ཁ་སྨྱུག་རྒོད་ཀྱི་མདའ་མོ།།
ཕོ་རོག་ཤ་ཁྱེར་ལ་འབབ་ཀྱང་།།
ཕྲག་དོག་མདེའུ་ཡི་ཟེགས་མ།།
རྨ་བྱའི་སྒྲོ་ཐིག་ལ་བབ་བྱུང་།།
ཕོ་རོག་ཤ་ཁྱེར་གྱིས་ཉེས་སོང་།།
སྤྲེའུ་བྱ་ལག་གིས་ཕུང་སོང་།།
ང་དང་རྨ་བྱ་ཡི་བུ་མོ།།
མ་བཅོས་མཛེས་སྡུག་གིས་ལན་བྱུང་།།
ཡིད་སྨོན་ཁུ་བྱུག་གི་བུ་མོ།།
མི་ཡི་སྡོང་འགོ་རུ་བབ་ཚེ།།
ཁ་ནས་འཛུམ་འཛུམ་ཞིག་བཅོས་ཀྱང་།།
ཁོག་ལ་དགའ་དགའ་རང་དཀའ་འདུག།
ན་ཆུང་མཛའ་མཐུན་གྱི་ཕྱི་ཐག།
ནོར་བུ་ཐང་རྙེད་ཀྱི་རྨི་ལམ།།
ལན་གཅིག་ཆད་པ་ཡི་འཕྲོ་ལ།།
སླར་ཡང་མཐུད་ཐབས་དེ་དཀའ་མོ།།
སྡོང་ལོ་སྡོང་འགོ་རུ་མ་བསྡད།།
སྡོང་ལོ་ཆུ་ཕྲན་དུ་བབ་སོང་།།
ཆུ་ཕྲན་རླབས་རྗེས་དེ་ཟིན་ན།།
རླབས་རྗེས་དེད་པ་ལ་ཅི་སྐྱོན།།
གཞོན་པའི་དུང་སེམས་ཀྱི་ལས་ལ།།
ཆགས་སྡང་དེ་ཙམ་ཞིག་མི་དགོས།།
མཛའ་མཛའ་དུང་དུང་གིས་འགྲོགས་ཏེ།།
དགའ་དགའ་འཛུམ་འཛུམ་གྱིས་གྱེས་འགྲོ།།
བསྐྱངས་པའི་བུ་ལོན་དེ་མ་ཆད།།
ཤ་རུས་ཁྲག་རྒྱུན་གྱིས་མ་འབྲེལ།
ཁྱོད་དང་འུ་གཉིས་ཀྱི་འབྲེལ་ཐག།
ཕར་དགའ་ཚུར་འཐད་ཀྱི་མདུད་པ།།
བརྩེ་མདུད་རང་ཞིག་ཏུ་གྱུར་ཏེ།།
རང་རང་སོ་སོ་རུ་གྱེས་ན།།
ཕར་ལ་ཁྲམ་པ་དེ་མི་ཟེར།།
ཚུར་ལ་ཁྲེལ་མེད་ཀྱང་མ་གསུངས།།
སྙིང་གི་ཤིང་ལོ་ཡི་ངོས་ལ།།
དགའ་བའི་ཡིག་འབྲུ་ཞིག་བྲིས་ཡོད།།
ཤིང་ལོ་རླུང་བུ་ལ་སྐུར་ཉིན།།
ང་ཡི་ཡི་གེ་དེ་གསུབས་རོགས།།
རྔོག་མའི་སྤྲིན་ཕུང་གི་འདབས་སུ།།
ཚེ་ལྷའི་སྲུང་མདུད་ཅིག་ཐོགས་དང་།།
རྟ་ཕོ་གཞན་དབང་དུ་གྱུར་ཡང་།།
སྲུང་མདུད་སྒ་འོག་ཏུ་མི་གཏོང་།།
འཇིག་རྟེན་འདུ་འབྲལ་གྱི་ཞིང་ན།།
གཏན་དུ་འཛོམས་པ་དེ་དཀའ་མོ།།
སྙིང་ནས་ལན་གཅིག་ལ་འགྲོགས་དང་།།
བྲལ་ཡང་འགྱོད་པ་དེ་མི་འདུག
ཚིག་གསུམ་སྐད་ཆ་ཞིག་ཡོད་ཀྱང་།།
མགྲིན་ལ་མཆི་མ་ཡིས་བརྣངས་སོང་།།
གོམ་གསུམ་སྐྱེལ་མ་དེ་བྱེད་ལ།།
མ་ཕེབས་གསུང་བ་རང་མ་གནང་།།
ལོ་སྒུག་ཟླ་སྒུག་དེ་མ་གསུངས།།
དབུ་མནའ་བཞེས་པ་མང་མི་དགོས།།
བུ་ཕོ་ས་མཐའ་རུ་འགྲོ་ལ།།
གོམ་གསུམ་སྐྱེལ་མ་ཞིག་གནང་རོགས།།
མྱ་ངན་སྡུག་ཡུས་ཀྱི་མིག་ཆུ།།
འགྲོ་ཁའི་སྙིང་སྡུག་ལ་མ་སྟོན།།
དྲན་པའི་མེ་ལོང་གི་ངོས་སུ།།
འཛུམ་པའི་ཞལ་རས་དེ་འགོད་རོགས།།
རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་།