དུང་སེམས་རླབས་ཀྱི་ཟེགས་མ། ༡
དང་པོའི་ན་ཆུང་གི་བརྩེ་དུང་།།
དྭངས་གསལ་ཆུ་ངོགས་ཀྱི་ཟླ་བ།།
ལག་པས་འཛིན་རྒྱུ་ཞིག་མེད་ཀྱང་་།།
སེམས་པས་འགོག་ཐབས་རང་མི་འདུག།
མཆུ་སྒྲོས་པད་འདབ་ཀྱི་ཟིལ་བ།།
ང་ལ་གནང་འདོད་ཅིག་མེད་ན།།
ཟུར་མིག་གེ་སར་གྱི་མདའ་མོས།།
སྙིང་ལ་གཙག་པ་རང་མ་གནང་།།
མེ་ཏོག་ཆུང་ཆུང་གི་སྒྲོམ་བུར།།
གཡུ་སྦྲང་འཁོར་འཁོར་རང་མ་གནང་།།
གེ་སར་སྦྲང་ཆར་དུ་སྨིན་ཚེ།།
དུང་སེམས་འདབ་གཤོག་དེ་སྒྱུར་ཤོག།
སོ་འཛུམ་གེ་སར་གྱི་ཕྲེང་བ།།
ང་ལ་ངོམ་པ་རང་མ་གནང་།།
ཟུར་མིག་གཡུ་སྦྲང་གི་གཤོག་རྩེ།།
དབང་མེད་དེ་ཕྱོགས་ལ་འཁོར་འགྲོ།
འོ་མའི་རྒྱ་མཚོ་ཞིག་བསྐྱིལ་ཡོད།།
མཚོ་མཐའ་མེ་ཏོག་གིས་བརྒྱན་ཡོད།།
ངང་ཆུང་འབབ་པ་རང་མ་གནང་།།
བབས་ནས་འཕུར་བློ་དེ་མི་འཁྲུངས།།
སྨིན་མའི་གཞུ་རྒྱུད་ལས་བསྐུལ་བའི།།
མིག་འཛུམ་མེ་ཏོག་གི་མདའ་མོ།།
གཞོན་པའི་སྙིང་ཁ་ལ་ཐེབས་ཚེ།།
དྲན་ཤེས་རང་དབང་ན་མི་འདུག།
ངས་ནི་ཕེབས་ཤོག་རང་མ་སྨྲས།།
ཁོས་ཀྱང་བཀའ་ཞུ་ཡང་མེད་མོད།།
ཇོ་ཇོ་གསང་སྟབས་ཀྱི་ཕེབས་ཏེ།།
སྙིང་གི་ཁང་ཆུང་དུ་འཛུལ་བྱུང་།།
དགའ་བའི་ཟུར་མིག་དེ་འཕྲད་པས།།
སེམས་པའི་ཕྱེད་ཀ་བཀུག་སོང་།།
དུང་བའི་སེམས་པ་དེ་ཕྲད་པས།།
ལུས་སེམས་གཉིས་མེད་དུ་ཤོར་སོང་།།
སྙིང་དབུས་སྒྲོལ་ཆུང་གི་སྦུབས་སུ།།
ན་ཆུང་གསང་བ་ཞིག་སྦས་ཡོད།།
ཚིག་གསུམ་མེ་ཏོག་གི་ལྡེ་མིག།
ཁྱོད་རང་གཅིག་པུ་ལ་གཏད་ཡོད།།
ཚལ་དཀར་གོང་བ་ཡི་ཁ་ནས།།
མིག་ཞགས་ལྷོད་ལྷོད་ཅིག་འཕངས་པས།།
དགའ་སྐྱོ་བརྩེ་དུང་གི་གཏན་ཚིགས།།
གཞོན་པའི་ལས་དབང་ལ་བྲིས་སོང་།།
ཨ་ཇོ་རྔོན་པ་ཡི་བུ་ཆུང་།།
ཁྱོད་ལ་སྙིང་རྗེ་ཞིག་མེད་ན།།
དབང་མེད་ལས་དེད་ཀྱི་ཤེའུ་ཆུང་།།
ང་ནི་བཤོལ་ཐབས་ཤིག་མི་འདུག།
དགའ་ཡང་རྣམ་གཡེང་དུ་མ་ཤོར།།
སྡུག་ཀྱང་མིག་ཆུ་རུ་མ་བཞུར།།
དྲན་ཤེས་གཤོག་དྲུག་གི་ཉ་མོ།།
དཀྱུས་རིང་ལྕགས་ཀྱུ་དེས་དྲངས་སོང་།།
ལམ་མདོའི་རྐུན་པོ་དང་ཕྲད་ཀྱང་།།
རིན་ཆེན་རྒྱན་ཆ་དེ་མ་ཤོར།།
སྙིང་གི་རྐུན་པོ་ཁྱོད་མཐོངས་བས།།
ལུས་སེམས་ཕྱེད་ཀ་དེ་བརྐུས་སོང་།།
སེམས་པ་རྗེས་སོང་གི་མི་དང་།།
གཏན་དུ་མཛའ་རྒྱུ་ཞིག་བྱུང་ན།།
ཡ་གིའི་ཞིང་ཁམས་ལ་མི་སྨོན།།
མ་གིའི་དམྱལ་བར་ཡང་མི་སྐྲག།
ཆུ་དང་འོ་མ་གཉིས་བསྲེས་པས།།
འོ་ཆུ་གཉིས་ཀ་རུ་གྱུར་སོང་།།
སེམས་དང་སེམས་པ་གཉིས་བསྲེས་པས།།
སེམས་པ་གཅིག་པུ་ལས་མི་འདུག།
ཁ་ལ་སྦྲང་རྩི་དེ་ཞིམ་པོ།།
སྣ་ལ་བཟང་སྤྲོས་དེ་ཞིམ་པོ།།
བཅོ་ལྔའི་ན་ཆུང་གི་སྙིང་ལ།།
དགའ་བའི་རོ་མངར་དེ་ཞིམ་པོ།།
གདུང་བའི་ཟུར་བག་དང་འགྲོགས་པ།།
ན་ཆུང་རྗེས་ཆགས་ཀྱི་བདེ་བ།།
ཅུང་ཟད་སྐྱུར་ཁ་དང་ལྡན་པ།།
བོད་པའི་ནས་ཆང་གི་རོ་མངར།།
རོ་མངར་འབྲས་བཟང་ཞིག་མེད་ན།།
མེ་ཏོག་ཟེའུ་འབྲུ་དེ་འཐོར་འགྲོ།།
ཁྲེལ་གཞུང་ཕྱི་ཐག་ཅིག་མེད་ན།།
ཞག་གསུམ་འཛུམ་ངོ་དེ་འགྱུར་འགྲོ།།
ཕར་དགའ་ཚུར་འཐད་ཅིག་མིན་ན།།
བཙན་པོའི་གཉེན་ཐག་དེས་མི་ཆོངས།།
ཁ་ཡ་ན་ཟླ་ཞིག་མིན་ན།།
ཆེ་སྐེར་ཆུང་འདོག་དེ་མི་མཛེས།།
ན་ཆུང་དགའ་ཕྱོགས་ཀྱི་སེམས་པ།།
ནམ་མཁའི་སྤྲིན་གསེབ་ཀྱི་ཟླ་བ།།
སྤྲིན་པ་གཅིག་གསེང་ནས་ཐོན་ཏེ།
སླར་ཡང་གཅིག་གསེང་ལ་འཛུམ་འགྲོ།།
རྒྱ་ལྕང་གྱེན་ཕྱོགས་སུ་སྐྱེས་ཀྱང་།།
འདབ་ལོ་ཐུར་ཕྱོགས་ལ་འཕྱང་སོང་།།
བཞིན་རས་ཚུར་ཕྱོགས་སུ་འཁོར་ཡང་།།
སེམས་པ་ཕར་ཕྱོགས་ལ་ཤོར་འདུག།
སྡེ་ཆེན་མི་ཁ་ཡི་གླེང་ཕྱོགས།།
སྟོན་ཁའི་དྲི་བཞོན་དང་འདྲ་བ།།
ན་ཆུང་བློ་རྩེ་ཡི་འགྱུ་ཕྱོགས།།
ལ་ཁའི་དར་ལྕོག་དང་འདྲ་བ།།
རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་།