ཨ་མ་དྲན་གླུ།
དཔག་ཚད་འབུམ་ཕྲག་འདས་པའི་ཕ་ཡུལ་ན་བཞུགས་པའི།།
བཀའ་དྲིན་ཟད་མཐའ་མེད་པའི་ཨ་མ་ཡི་དྲུང་དུ།།
ཁྱོད་ཉིད་དྲན་པའི་གདུང་བ་འགོག་ཐབས་རང་མེད་པས།།
སྙན་འཕྲིན་ཁུ་བྱུག་གཞོན་ནུའི་གླུ་དབྱངས་འདི་འབུལ་ལོ།།
མདང་དགུང་ཉལ་བའི་མཚན་མོའི་རྨི་ལམ་གྱི་ནང་དུ།།
ཞལ་རས་མཛུམ་དཀར་ལྡན་པའི་ཨ་མ་དང་མཉམ་དུ།།
མ་བུའི་རྩིས་མདངས་མཚོན་པའི་སྙིང་གཏམ་རང་བཤད་པས།།
ད་ནངས་སད་ཚེ་ཨ་མ་སྙིང་དབུས་ནས་དྲན་བྱུང་།།
ཁོར་ཡུག་ཉམས་སུ་དགའ་བའི་སློབ་གྲྭ་ཡི་མཐའ་ན།།
སྐྲ་དཀར་རྒན་མོ་ཞིག་ནི་དལ་བུ་ཡིས་འགྲོ་ཚེ།།
སྐྲ་ལོ་དུང་ལྟར་དཀར་བའི་དྲིན་ཆེན་གྱི་ཨ་མའི།།
ཞལ་གྱི་དཀྱིལ་འཁོར་ཡིད་ལ་ལྷང་ལྷང་དུ་དྲན་བྱུང་།།
སྣ་ཚོགས་མེ་ཏོག་དགོད་པའི་ལྗོན་ཤིང་གི་རྩེ་ནས།།
ཁུ་བྱུག་གཞོན་ནུས་གླུ་དབྱངས་ལྡེམ་ལྡེམ་དུ་བླངས་ཚེ།།
ཚིག་རྩུབ་སྐྱོན་གྱིས་མ་གོས་འཛུམ་ལྡན་གྱི་ཁ་ན།།
ངག་ཚིག་གཞན་ལས་འཇམ་པའི་ཨ་མ་ཁྱོད་དྲན་བྱུང་།།
སྤྲོ་སྐྱིད་སྣང་བ་འཕེལ་བའི་དཔྱིད་ཀ་ཡི་དུས་སུ།།
འཇམ་པོའི་གོས་ཞིག་ཡོད་ན་རང་ཉིད་ཀྱིས་མི་གྱོན།།
བུ་ཆུང་ཁྱོད་ལ་འགྲིག་ཅེས་འཛུམ་མདངས་ཀྱིས་བསྐོན་པའི།།
ལྷན་པ་དགུ་བརྩེགས་གྱོན་པའི་ཨ་མ་དེ་དྲན་བྱུང་།།
དབྱར་གསུམ་ཆར་པ་འབབ་པའི་མུན་ནག་གི་ཁྲོད་ན།།
ང་རང་སྐྱིད་པོའི་མལ་ན་བདེ་མོ་རུ་ཉལ་ཡང་།།
ནོར་ལུག་ལྷས་མཐའ་བསྐོར་ནས་ངལ་དུབ་ཀྱིས་མནར་བའི།།
གཡོག་མོའི་དཀའ་ཚེགས་མྱངས་པའི་ཨ་མ་དེ་དྲན་བྱུང་།།
སྟོན་དུས་ཕ་མཐའ་མངོན་མེད་ས་ཞིང་གི་འདབས་ན།།
ངོ་གདོང་རྔུལ་ཆུས་ཁེབས་བཞིན་ཞིང་ལས་ལ་འབད་ནས།།
ལུས་ཀྱི་ཤ་བསྐམས་ཁ་ངོ་ཉི་འོད་ཀྱིས་འཚིགས་པའི།།
ལག་ངོ་སེར་གས་གང་བའི་ཨ་མ་དེ་དྲན་བྱུང་།།
མྱི་མང་ལྷན་ཅིག་འཚོགས་པའི་ལྟད་མོ་ལ་འགྲོ་དུས།།
ཅི་འཛོམས་གྱོན་གོས་ཚང་མ་ང་རང་ལ་བསྐོན་ཏེ།།
ཚི་དྲེག་ལྷན་པོས་གང་བ་རང་ཉིད་ཀྱིས་གོན་ནས།།
གཞན་གྱི་འཕྱ་མོད་ཁུར་བའི་ཨ་མ་དེ་དྲན་བྱུང་།།
གོང་མའི་གནམ་ཁྲལ་ལྗིད་མོས་དབང་མེད་དུ་མནར་ནས།།
ཕུན་ཚོགས་ཟས་གོས་རྣམས་ནི་གཞན་དབང་དུ་གྱུར་དུས།།
ཟ་མ་ཕོར་གང་རྙེད་ཀྱང་ང་རང་ལ་བྱིན་ནས།།
ལྟོགས་སྐོམ་ཡང་ཡང་མྱངས་པའི་ཨ་མ་དེ་དྲན་བྱུང་།།
ལང་ཚོའི་མེ་ཏོག་བཀྲ་བའི་ན་གཞོན་གྱི་དུས་སུ།།
ཁྱིམ་གྱི་དཀའ་ཁག་ཐམས་ཅད་མགོ་ཐོག་ཏུ་བབས་ནས།།
སྟོན་གྱི་མེ་ཏོག་བཞིན་དུ་ལང་ཚོ་ཡི་མདངས་བཟང་།།
སྐད་ཅིག་ཉིད་ལ་ཟད་པའི་ཨ་མ་དེ་དྲན་བྱུང་།།
ངེད་ཅག་བུ་ཕྲུག་རྣམས་ལ་ཟས་གོས་ཀྱི་དོན་དུ།།
དུས་བཞི་བར་མེད་སྐུ་ཚེགས་སྣ་ཚོགས་ཀྱིས་གདུངས་ནས།།
འཛུམ་དཀར་ལྷུག་ལྷུག་མངོན་པའི་ཞལ་རས་ཀྱི་དཀྱིལ་འཁོར།།
མི་སྡུག་གཉེར་མས་ཁེབས་པའི་ཨ་མ་དེ་དྲན་བྱུང་།།
ཁྱིམ་མི་རྒན་གཞོན་ཚང་མ་གོ་ཁ་ལ་འཚོགས་ནས།།
ཟ་མ་ཞིམ་པོའི་སྡེར་སྐལ་མང་པོ་ཞིག་བསྒྲིགས་ཀྱང་།།
ངེད་ཅག་ལྟོ་བ་རྒྱག་ཚེ་དགའ་སྐྱིད་ཀྱི་ངང་ལ།།
ཟས་ཀྱི་ལྷག་འཕྲོ་ཟ་བའི་ཨ་མ་དེ་དྲན་བྱུང་།།
མཁོ་དགུའི་འབྱོར་བ་འཛོམས་པའི་སློབ་གྲྭ་ཡི་ནང་ན།།
ཟས་གོས་གནས་མལ་ལ་སོགས་མཐུན་རྐྱེན་གྱིས་ཕྱུག་ཀྱང་།།
རང་ཡུལ་ཕྱོགས་ནས་ཡོང་བའི་མགྲོན་པོ་ཡི་ལག་ཏུ།།
ཟས་ཀྱི་སྐལ་བ་བསྐུར་བའི་ཨ་མ་དེ་དྲན་བྱུང་།།
བཀྲ་ཤིས་ཟླ་བ་དཀར་པོ་ཤར་ཕྱོགས་ནས་ཤར་དུས།།
བྱམས་བརྩེ་ལྷོད་པ་མེད་པའི་དྲིན་ཆེན་གྱི་ཨ་མའི།།
འཛུམ་དཀར་ཞལ་རས་ཉ་གང་བཅོ་ལྔ་ཡི་དུང་ཟླ།།
དྲན་པའི་མེ་ལོང་ངོས་སུ་གསལ་བོ་རུ་ཤར་བྱུང་།།
ང་རང་དགེ་བཅུ་འཛོམས་པའི་གྲོང་ཁྱེར་ན་འདུག་ཀྱང་།།
དབུ་སྐྲ་དུང་ལྟར་དཀར་བའི་དྲིན་ཅན་གྱི་མ་ལོས།།
ཚ་གྲང་ངལ་དུབ་སྡུག་བསྔལ་མྱངས་པ་དེ་དྲན་ན།།
ཞིམ་མངར་ཟས་ཤིག་ཟོས་ཀྱང་མྱིད་པ་ལ་མི་འགྲོ།།
ཨེ་མ་ལྷ་བྱ་ཁྲུང་ཁྲུང་དཀར་མོ་རང་སྤུན་གསུམ།།
ང་ཡི་ཨ་མ་བཞུགས་པའི་ས་ཕྱོགས་སུ་ཨེ་འགྲོ།།
བུ་ང་བདེ་ཞིང་འཚམས་པའི་སྙན་མོ་ཡི་སྐད་འཕྲིན།།
མ་བརྗེད་ཨ་མར་བཤད་པའི་བཀའ་དྲིན་ཞིག་སྐྱོངས་དང་།།
ཨ་མ་ཁྱོད་དང་ལྷན་ཅིག་སྡོད་པ་ཡི་དུས་སུ།།
ཁ་ལོག་མྱིག་ལོག་བྱས་པའི་ལས་ངན་རེ་བསགས་པ།།
ད་ལྟ་འགྱོད་པ་དྲག་པོས་སྙིང་དབུས་ནས་བཤགས་སོ།།
རྗེས་སུ་བྱམས་བརྩེས་སྐྱོང་བའི་དམ་བཅའ་ཞིག་འབུལ་ལོ།།
སྐྱེ་བ་དུ་མར་བསོད་ནམས་རླབས་ཆེན་རེ་བསགས་ཀྱང་།།
ཨ་མ་ཁྱོད་ཀྱི་དྲིན་ལན་སོལ་ཐབས་རང་དཀའ་ཡང་།།
བུ་ཆུང་ང་ཡིས་གནས་ལྔ་རིག་པ་ལ་སྦྱངས་ཏེ།།
ཟླུམ་གཟུགས་གོ་ལའི་སྟེང་དུ་རྐང་རྗེས་ཤིག་ལོས་ཞོག།
ཚད་མེད་དྲིན་གྱིས་བསྐྱངས་པའི་དྲིན་ཆེན་གྱི་ཨ་མ།།
སྐུ་ཁམས་བདེ་མོའི་ངང་དུ་བདེ་མོ་རུ་བཞུགས་དང་།།
བཀྲ་ཤིས་གཟའ་སྐར་ཕུན་ཚོགས་པ་ཡི་ཉིན་ལ།།
མ་བུ་ལྷན་ཅིག་མཇལ་བའི་སྐལ་བཟང་དེ་ཤར་ཡོང་།། །།
རྩོམ་ཁུངས། འཇིགས་མེད་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས།