ལོ་ཐོ་བརྩེ་བའི་ཞགས་ཐག
ཟླ་ངོ་དང་པོ།
ངུ་སྐད་ཐོག་མའི་འབོད་པ་དང་བཅས་ག་ལེར་ས་གཞིར་བབས་པ་ན།།
ད་ནི་མ་དང་སོ་སོར་གྱུར་ལ་ལྟེ་ཐག་སྐུད་པས་དམ་བྱས་ཏེ།།
ལྕེ་ཡི་སྟེང་གི་ཁོག་ཞོ་དང་བཅས་ལུས་ཀྱི་མི་གཙང་ལེགས་བཀྲུས་ནས།།
བལ་འཇམ་མཛོང་ཁུག་དྲོན་པོའི་ནང་དུ་སེམས་ཆུང་ངང་ལ་གཅུད་དེ་བསྙལ།།
སྐེ་ཡིས་རང་ཚུགས་ཡེ་ནས་མི་ཟིན་ལྟོ་དང་མགོ་བོ་ཆེས་ཆེ་སྟེ།།
དམར་འབྱར་སྐྱི་མོ་ལྷབ་ལྷུབ་ཏུ་འདུག་བླ་རྐང་Mདབྱིབས་དང་མཚུངས།།
མཚལ་ནུ་ཞེས་བྱའི་ཤིན་ཏུ་ནག་ཅིང་འབྱར་བག་ཅན་གྱི་བྲུན་པ་དེ།།
ཐོག་མའི་ཉིན་གསུམ་བར་དུ་འབྱིན་ལ་བདུན་གཅིག་ལྟེ་ཁ་ལེགས་པོར་འཁོར།།
འོ་འཛིན་བཅུད་ནི་འཚམ་པོར་བསྣུན་རྗེས་མགོ་སྔས་ཅུང་ཟད་མཐོ་བྱས་ནས།།
ཁྱེའུ་ལྟག་འབུར་ཡོ་བསྲང་བྱེད་ཆེད་ཉིན་རྒྱུན་བྱུག་བྱུག་བྱེད་པ་དང༌།།
ཉི་ཟེར་མེ་འོད་ས་རྡུལ་ལ་སོགས་མིག་ལ་ཕོག་པར་གཡོལ་བྱས་ཏེ།།
གཅིན་སྟན་བརྗེ་སྤོར་བསྟུད་མར་བགྱིས་ལ་ཉིན་མཚན་དུས་དྲུག་ཀུན་ཏུ་ཡང༌།།
བྱིས་པའི་བདེ་སྡུག་སེམས་ཀྱིས་བརྟགས་ཏེ་ངུ་སྐད་རེ་རེའི་རྒྱུ་མཚན་བཙལ།།
ཟླ་ངོ་གཉིས་པ།
ད་ནི་འཚོ་བའི་སྤྱོད་སྟངས་ཕལ་ཆེར་ཅུང་ཟད་གོམས་པར་གྱུར་ན་ཡང༌།།
ཉིན་མཚན་གོ་ལྡོག་རེ་ཙམ་ཞིག་ལ་མཚན་གུང་ཡང་ཡང་ངུས་པ་ཡིས།།
ང་ནི་མཚམས་སྲུང་མེལ་ཚེའི་ལས་སུ་སྐྱེས་སམ་སྙམ་པའི་སོམ་ཉི་སྟེར།།
རྐང་ལག་འགུལ་སྐྱོད་སྔར་ལས་ཇེ་ཆེ་མལ་ཁྲིའི་སྟེང་ནས་ནུར་འཕགས་བྱེད།།
མདུན་གྱི་གཟུགས་དག་མཐོང་སྣང་བྱུང་མུས་ཐོག་མའི་འཛུམ་ཆུང་གྲོལ་ཙམ་སོགས།།
བུས་པའི་ལུས་དེ་སྐྱེས་སྟོབས་ཀྱིས་ནི་ཉིན་རེའི་འཕོ་འགྱུར་ཀུན་མངོན་ཀྱང༌།།
ཁྲེམ་གཉེར་དག་ན་མ་འོངས་གསང་བ་ཅི་ཞིག་མཆིས་པ་སུ་ཡིས་རྟོགས།།
མིག་སྣ་སེན་བར་གཙང་དག་བགྱིས་ཤིང་དུས་རྒྱུན་ཉི་མར་ལྡེ་བྱས་པར།།
ནམ་ཞིག་ཚེ་ན་བྲུན་པ་ལྗང་ཁུ་འབྱིན་པར་བྱེད་པ་མཐོང་བའི་མུར།།
འཚུབ་ཀྱིས་སྙིང་ནི་གས་སྙམ་བྱུང་བས་མྱུར་དུ་སྨན་པར་ཞུས་པའི་ཚེ།།
ཁྱེའུའི་ལྟོ་བར་གྲང་འཁྱག་ཐེབས་པས་འཇུ་ནུས་ཉམས་པ་ད་གཟོད་ཤེས།།
བསམས་ཤིང་བསམས་ཤིང་ཨ་གེ་གསར་བ་གཉོར་སྐྱོང་ཉམས་མྱོང་མེད་པས་ལན།།
ཟླ་ངོ་གསུམ་པ།
ཨ་མའི་སྐད་གདངས་ཐོས་པའི་ཚེ་ན་ངུ་བའི་མཚམས་ཀྱང་འཇོག་ངེས་ལ།།
དགའ་ཚེ་རྐང་ལག་ཀྲབ་ཀྲབ་བྱེད་ཅིང་ཁ་ནས་ཡེ་ཡེ་ཡ་ཡ་སྒྲོག།
ལག་ཆུང་སྤར་མོས་མགོ་མིག་རྣ་ལ་རེག་པར་བྱེད་དང་ལྷན་ཅིག་ཏུ།།
མཚམས་རེར་རང་གི་སོར་མོ་རྣམས་ཀྱང་ནུ་ཞིང་ནུ་ཞིང་དགའ་འཛུམ་སྟོན།།
མགོ་བོ་ཅུང་ཟད་དགྱེ་བར་ནུས་ལ་རྩེད་ཆས་འཛིན་འདོད་ཉམས་ཀྱང་འཆར།།
མལ་གྱི་གདན་དང་གོས་ཀྱི་ཐུ་བ་ནུ་ཞོས་བརླན་པའི་སྐབས་ཤིག་ཏུ།།
ཉིན་རེ་ལས་རྒྱགས་བུ་ཆུང་ལུས་འཇམ་ཚད་མེད་བདེ་སྣང་ཡོད་མཐོང་སྟེ།།
ངུར་སེར་མདོག་གི་འཕེ་འཕེ་ཆུང་ཆུང་འབྲི་མར་ཁོ་ནས་བཟོས་མཚུངས་ལ།།
ད་ནི་རང་གི་ཨ་མའི་བྱད་བཞིན་མང་བོའི་གསེང་ནས་ངོས་ཟིན་པས།།
གར་སོང་མིག་གིས་འཚོལ་སྙེག་བྱེད་ལ་མ་མཐོང་ངུ་སྐད་འདོན་པར་བྱེད།།
ངག་གི་འགུག་ལུགས་ལྷོད་པོའི་སྒོ་ནས་བྱིས་པའི་གཉིད་གླུ་གྱེར་པའི་ཚེ།།
ཡིད་ནི་ཧ་ཅང་ཚིམས་པའི་ཚུལ་གྱིས་རྨི་ལམ་ཞིང་དུ་ངང་གིས་གཞོལ།།
ཟླ་ངོ་བཞི་པ།
མདུན་གྱི་གཟུགས་བརྙན་རྒྱུ་ཕྱོགས་དང་བསྟུན་མིག་གིས་ཕར་ཚུར་ལྟ་བ་དང༌།།
ཨ་མའི་པང་དུ་ཡར་ཡར་བགྲེང་བར་བཟུང་བའི་ཚེ་ན་དགའ་དྲགས་ནས།།
རྐང་གཉིས་ལྡེམ་མྱུར་ཅི་ཡང་ངོམ་ལ་ལག་ཆུང་སྲིང་ཙམ་སྐུམ་ཙམ་གྱིས།།
དངོས་པོ་ཅི་རིགས་འཛིན་པར་བྱེད་ཅིང་ཟས་ཞིམ་ལོངས་སུ་སྤྱོད་འདྲ་བར།།
མི་རྣམས་བཟའ་བཏུང་ཆོ་ག་མཐོང་ཚེ་བདག་འཛིན་སྤར་མོ་གདེང་བྱེད་དེ།།
ཁ་ནས་མཆིལ་མ་ཐུར་དུ་ལུགས་རྗེས་མཆུ་འདབ་ཡང་མོས་འཇིབས་ཏེ་ཉར།།
སྦྲ་ཡི་ཕྱོགས་བཞིར་རྟ་ནོར་ལུག་ཁྱུར་ལྟད་མོ་བྱ་བར་ཁྲིད་པ་ན།།
རིག་རིག་མིག་གཉིས་ཁོམ་ལོང་བྲལ་ཞིང་དགའ་བའི་འབོད་སྒྲ་ཅི་ཡང་སྒྲོག།
འབའ་ངུར་འཚེར་གསུམ་གང་ནས་བྱུང་ན་དེ་ཡི་ཕྱོགས་སུ་རྣ་གཏད་ནས།།
གང་ཞིག་ཉམས་སུ་མྱོང་བར་བྱེད་སླད་འབད་པས་དེ་ཉིད་འཚོལ་ན་ཡང༌།།
རླུང་གི་རྒྱུ་ཕྱོགས་གདོང་ལ་ཕོག་དུས་དབུགས་རྒྱུན་སྔངས་ཀྱིན་ལེན་པ་དང༌།།
སྐྲག་པའི་ངུ་སྐད་ལན་རེར་འཆོར་ལ་མི་འདོད་ཁ་མིག་འཚུམ་པར་བྱེད།།
ཟླ་ངོ་ལྔ་པ།
ད་ནི་ཨ་མའི་སྐྲ་ཉག་རེ་རེ་ལག་ཆུང་སྤར་མོས་བཏོགས་ཚར་ཏེ།།
ནུ་ཞོའི་བཅུད་ལ་རོལ་བའི་ཚེ་ཡང་སེན་འཐོག་མང་བས་བཟོད་བསྲན་བྲལ།།
ལུས་ཡོངས་འགུལ་སྐྱོད་དྲག་པོར་བྱེད་ཅིང་དགོད་སྒྲ་ལྷང་ལྷང་འབྱིན་པ་དང༌།།
ལོ་ལོའི་ཕུང་ཁམས་འགྱུར་ལྡོག་ཆེ་བ་མིག་གི་དབང་བོའི་དཔྱིད་དུ་འབབ།།
ཕྱིང་དཀར་གདན་དུ་གན་རྐྱལ་བསྙལ་ཀྱང་རང་ཉིད་ངང་གིས་འགྲེ་ནུས་ལ།།
ལག་གཉིས་སོར་མོས་ཕན་ཚུན་འཛིན་རེས་བྱེད་པའི་མུ་ལ་རྐང་པ་ཡང༌།།
ཁ་ཡི་ནང་དུ་འཇོག་པ་ལ་སོགས་རྩེད་མོའི་འཇོ་སྒེག་གྲངས་མེད་པས།།
མ་སེམས་སྐྱིད་སྣང་བརྗོད་ཀྱིས་མི་ལང་འཇིག་རྟེན་བདེ་བའི་ལོངས་སྤྱོད་ལགས།།
བག་གཡེང་ལྷོད་འཇགས་ཁོ་མོའི་པང་ན་སྐྱིད་པའི་གཉིད་དུ་ཡུར་བའི་དུས།།
ད་གཟོད་དེ་སྔའི་རྨི་ལམ་ནང་གི་མཁའ་ལས་བབས་པའི་ལྷའུ་བཞིན།།
དག་གཙང་ལྷད་མེད་དྲི་མས་མ་གོས་ལྷན་སྐྱེས་ངོ་གདོང་ཆེས་དཀར་བས།།
ཉེ་མིས་བུ་ལ་ནག་ནོག་བགོ་སྙམ་སེམས་ཁྲལ་རྦབ་ཆུ་ལྡོག་ནུས་མིན།།
ཟླ་ངོ་དྲུག་པ།
དམར་འབྱར་ལུས་ཀྱི་ཤ་སྐྱི་ཉར་ཉོར་ད་ནས་ཧ་ཅང་རྒྱགས་གྱུར་ཏེ།།
ཤ་རུས་སྲ་ཆགས་ལུས་སྟོབས་འཕེལ་ཏེ་རང་ཚུགས་སྒོ་ནས་སྡོད་ཀྱང་ནུས།།
ཚ་གྲང་རན་པའི་ཞོ་དང་རྩམ་ཐུག་ཟས་རིགས་གར་པོ་ཁེམ་བུ་ཡིས།།
ལེགས་པར་བསྐྱོར་ཏེ་འོས་པར་བྱིན་ན་ཤིན་ཏུ་མོས་པའི་མགོ་བོ་ལྡེམ།།
རྒྱང་རིང་རི་རྩེའི་ལ་བཙས་དང་ནི་ནམ་མཁའི་སྤྲིན་དང་ཟླ་བ་སོགས།།
མཛུབ་སྟོན་བགྱིས་ཚེ་མིག་གི་མཐོང་སྣང་སྟོན་པར་བྱེད་པས་ཡིད་རབ་སྤྲོ།།
རྒྱུས་མེད་མི་ལ་དོགས་པ་ཙམ་གྱིས་ངོ་གནག་མཆུ་ལུགས་ངུ་བྲོ་བས།།
ཨ་མའི་བྲང་ཁར་མགོ་བོ་གླན་ནས་མི་འདོད་བཟོ་ལྟ་སྟོན་པར་བྱེད།།
བུ་ཆུང་མིང་ནས་ཡང་ཡང་བོས་ཤིང་རྩེད་ཆས་ལོངས་ཤིག་བརྡ་བསྟན་ན།།
མགོ་བོ་དེའི་མུར་དགྱེ་བར་བྱེད་ཅིང་ཐེ་ཚོམ་དང་བཅས་འཐོབ་པར་རེ།།
ཤོག་བུ་ཙམ་ཡང་ལག་ཏུ་བཞག་ན་ཤག་ཤག་གཤགས་པར་ཡིད་ཚིམས་ནས།།
སུན་མེད་ལས་ཀ་བསྐྱར་ཟློས་བྱེད་པའི་རྣམ་འགྱུར་དག་ནི་སྙིང་དུ་སྡུག།
ཟླ་ངོ་བདུན་པ།
གྲང་འཁྱག་དགུན་གྱི་མཚན་མོ་ཞིག་ལ་གློ་བུར་སྔངས་ནས་ངུས་པ་ནས།།
མཚན་མོ་འགའ་ལ་རྟོགས་པར་དཀའ་བའི་ངུ་སྐད་དྲག་པོ་འདོན་བྱེད་པས།།
ང་ཡི་སྒྱིད་པ་ངང་གིས་འདར་བཞིན་བུ་ཆུང་ཕར་ཚུར་ཁྱེར་ནས་ནི།།
གཉིད་ལ་སྡོད་དང་རྟ་ཞིག་སྟེར་ཞེས་ཁུལ་ཞོའི་གླུ་དབྱངས་མང་བཟླས་ཀྱང༌།།
ངལ་བ་འབྲས་མེད་ཁོ་མོའི་སྙིང་ལ་སྨྱོ་ནད་འཕར་བའི་སྐབས་ཤིག་བྱུང༌།།
ད་ནི་བུ་ཆུང་བསམ་ཤེས་སུ་གྱུར་དགའ་སྡུག་བྱ་སྤྱོད་སྟོན་པ་དང༌།།
ལག་ཟིན་དངོས་པོ་ཅི་རིགས་ཡོད་ཚད་ཐང་ལ་གཡུག་པར་གོམས་པ་དང༌།།
མཆུ་དང་ལྕེ་ཡིས་མཆིལ་མ་གཏོར་ཏེ་དགའ་བའི་སེའུ་འབོད་ཡང་ཡང་བྱེད།།
བཙས་པའི་གནས་སྐབས་དང་པོ་ནས་བཟུང་བུ་དང་གོམ་གང་མ་གྱེས་ལ།།
དེ་རིང་ལས་དོན་ཕྲན་ཙམ་ཞིག་གིས་ཉིན་ཕྱེད་བུ་དང་འབྲལ་དགོས་པས།།
གཞན་ལ་བཅོལ་གདམས་གང་ལེགས་བྱས་རྗེས་ནུ་ཞོ་ཚིམས་པར་བསྣུན་ན་ཡང༌།།
ཁོ་མོའི་སེམས་ནི་བུ་ལ་ཕྱིར་ཆགས་བྲང་སྐྱེས་འོ་ཐིགས་འགོག་མེད་བཞུར།།
ཟླ་ངོ་བརྒྱད་པ།
གཞན་དག་ཟས་ལ་ལོངས་སྤྱོད་ཚེ་ན་དཀར་ཡོལ་ལག་ནས་འཕྲོག་བྱེད་ཅིང༌།།
ཟས་རིགས་ཅི་མཐོང་ཟ་འདོད་ཆེར་སྐྱེས་འབུར་ཚུགས་མིག་གིས་ལྟ་བ་ལ།།
ད་ནི་ཨ་མའི་ནུ་ཆུ་ཁོ་ནས་བུ་ཆུང་འདོད་པ་ཚིམ་མིན་པས།།
འབྲོང་སྙིང་ཤ་ཡི་དུམ་ཞིག་བྱིན་ནས་ཐོག་མའི་བཟའ་བཏུང་ཆོ་ག་བགྱིས།།
སེའུ་ཆུང་ཆུང་མདུན་གྱི་སྒོ་རུ་བཞི་ཟུང་བརྒྱད་ཙམ་སྐྱེས་པ་ནས།།
མཚམས་རེར་བུ་ཆུང་པང་ལ་བཟུང་ནས་ནུ་ཞོའི་འཚོ་བཅུད་སྟེར་བའི་དུས།།
བསམ་བཞིན་མིན་ཀྱང་སོ་ཡིས་དམུར་པས་བཟོད་པར་དཀའ་བའི་ན་ཟུག་སྦྱིན།།
དེ་ཚེ་ངོ་མདངས་གནག་པར་བྱས་ན་མྱུར་དུ་ལྷོད་སྟེར་སྐྱོན་ཤེས་འདྲ།།
མདུན་ཅོག་གྲུ་བཞིའི་གཡས་གཡོན་དང་ནི་འཁོར་ལྡན་ཁུལ་ཞོའི་འགྲམ་ལོགས་སུ།།
ཁོ་མོས་གཟབ་ནས་སྐྱོར་འདེགས་བྱས་འོག་ཅུང་ཟད་ཁེན་ཏེ་ལངས་པ་ན།།
དགའ་བའི་ཧབ་ཆ་གཏིང་ནས་བྱས་ཏེ་རྒྱལ་ཁའི་འབོད་པ་སྒྲོག་འདྲ་བས།།
སྙིང་གི་བུ་ཆུང་ཐང་པོར་འཚར་ལ་ཨ་མའི་ཡིད་སེམས་ཅིས་མི་སྤྲོ།།
ཟླ་ངོ་དགུ་པ།
ད་ནི་མི་ཡི་ཚུགས་ཀ་སྣ་ཚོགས་ལད་མོ་བྱེད་པར་དགའ་བ་སྟེ།།
གཞན་དང་འབྲལ་དུས་བདེ་མོའི་བརྡ་རུ་ལག་པ་ཐོད་ནས་གཡུག་པ་དང༌།།
ཕན་ཚུན་མགོ་བོ་གཏུག་ཙམ་ལ་སོགས་བརྩེ་བའི་བྱ་སྤྱོད་རྒྱུན་དུ་མངོན།།
རྐང་ལག་བཞི་ལ་ཁོམ་ལོང་མེད་པར་གང་སར་གོག་ནས་འགྲོ་བ་ན།།
རྡོ་དང་འབུ་གྲོགས་འཛེམ་དགོས་ཡོད་ཚད་གཙང་མར་ཕྱགས་ཤིང་བསལ་ནས་ནི།།
བུ་ཆུང་རྒྱུ་ལམ་མཉམ་བཞག་ངང་ལ་བདེ་འཇགས་ཁོར་ཡུག་བསྐྲུན་བྱས་ནས།།
འཚར་ལོངས་འབྱུང་བ་ཉིན་རེ་ལས་ཀྱང་ཉིན་རེར་ལྷག་པས་གསལ་ན་ཡང༌།།
ཁོ་མོའི་སེམས་ཚེགས་སྔར་ལས་ཇེ་མང་བུ་ཡི་འགྲོ་འདུག་རྟག་ཏུ་འཚོས།།
ད་ནངས་མལ་ལས་ལངས་མ་ཐག་པའི་བུ་ཆུང་ངག་ལས་གློ་བུར་ཏུ།།
ཨ་མ་ཞེས་བྱའི་སྒྲ་ཞིག་བྱུང་བས་བདག་སེམས་སྔར་མེད་སྤྲོ་སྣང་གིས།།
བརྩེ་བའི་ཨ་ལན་ཡང་ཡང་བྱིན་ཅིང་བུ་ཆུང་དགུང་ལ་མཐོར་བཏེགས་ནས།།
མ་བུ་སྐྱིད་པའི་གླུ་དབྱངས་སྙན་མོ་སྲིད་པ་མཛེས་པའི་རྒྱན་དུ་ཕུལ།།
ཟླ་ངོ་བཅུ་པ།
དབྱར་ཟླ་དྲུག་པའི་མེ་ཏོག་ནང་བཞིན་སྐྱེ་ལུས་གསར་བའི་ཡན་ལག་ཀུན།།
ཁ་སང་ལས་ཀྱང་དེ་རིང་རྒྱས་པའི་བཀྲ་ཤིས་དགེ་མཚན་མང་མཐོང་བས།།
ཀླད་གཙུག་མཚོག་མ་ཕལ་ཆེར་འགྲུབ་གྱུར་ལྷུ་ཐག་མཐོ་ལ་བཅལ་ཙ་ན།།
གཟུགས་ཀྱི་སྐྱེས་ཚད་སྔར་བས་མཐོར་སོན་སྐྲ་ཡི་ཉག་མ་རིང་ཕྱིན་པས།།
མཚམས་རེར་མིག་གི་མཐོང་ལམ་ལ་ཡང་ལྟ་བའི་བར་གེགས་ཐེབས་པ་འདྲ།།
གོམ་པའི་སྤོ་འདུག་ནུས་པ་ཞན་ཀྱང་ད་ནི་རང་རྐྱ་འཕེར་བའི་ངང༌།།
དྲང་མོར་འགྲེང་ཡང་སྔངས་འདར་ཞིག་གིས་ཨོང་ཚུགས་བརྒྱབ་ནས་ངང་གིས་བསྡད།།
མགོ་ལྩི་རྐང་ཡང་ལུས་པོའི་རང་ཚུགས་རང་ལ་དབང་བར་མི་ནུས་པས།།
ཁ་ལག་བར་ནས་ཡང་དང་ཡང་དུ་འགྱེལ་བའི་གྲངས་ཀ་ལོན་དཀའ་ཞིང༌།།
རྩེད་ཆས་གསར་བ་མཐོང་བའི་ཚེ་ཡང་ཧ་ཅང་མོས་པས་རྩེ་ན་ཡང༌།།
ཡུན་ཚམ་ཞིག་ན་དེ་ཡང་དོར་ནས་ཨ་གསར་འདོད་པས་གཞན་ཞིག་འཚོལ།།
བུས་ཕྲུག་སྐྱོང་བའི་ཚེགས་ཆེན་མྱངས་ཚེ་ཕ་མའི་དྲིན་ཡང་རིམ་བཞིན་རྟོགས།།
ཟླ་ངོ་བཅུ་གཅིག་པ།
མ་ཡི་ལག་པར་དམ་དུ་འཇུ་བཞིན་གོམ་ཙིག་སྤོས་པའི་ཉིན་དེ་ནས།།
ས་ཆེན་གཞི་རུ་གོམ་སྟབས་སྒྱུར་བའི་དགའ་སྣང་རྒོད་པོ་གནོན་མེད་པས།།
འཁྱར་འཁྱོར་གོམ་ཆུང་སྲ་བརྟན་མིན་མོད་གཞན་ལ་ཁེན་ནས་འགྲོ་བྱེད་ཅིང༌།།
ཚོན་ལྡན་སྤོ་ལོ་འགྲིལ་བ་མཐོང་ཚེ་གོག་འགྲོས་འདེད་ཅིང་སྙེག་པར་བྱེད།།
ད་ནི་ནུ་ཞོའི་རྒྱུན་བཟང་ཉམས་ཏེ་མཁོ་བ་འདོན་དཀའ་བྱུང་བ་འདི།།
བུ་གསོའི་འགན་འཁྲི་ཡོངས་སུ་རྫོགས་འདྲ་དེ་སྔའི་འབབ་ཚུལ་ཉམས་པ་ན།།
བུ་ཆུང་ལྟོགས་ཏེ་ངུ་རྒྱངས་བྱེད་ལ་སེམས་ཁམས་བདེ་བར་མི་གནས་ཤིང༌།།
མངར་ཞིང་ཟས་མཆོག་ཅི་སྙེད་བསྟན་ཀྱང་མི་འདོད་ས་ལ་གཏོར་བར་བྱེད།།
ཁོ་མོའི་ལུས་སེམས་བྲེལ་འཚུབ་ཀྱིས་གཙེས་ཐབས་ཤེས་གཞན་ཞིག་མ་རྙེད་མཐར།།
བྲང་གི་ནུ་མར་ཁྲོ་བས་བརྡུངས་ལ་མནར་སྡུག་བཟོད་གླགས་མེད་པ་ཡིས།།
སྙིང་རྗེའི་མིག་ཆུ་ཤར་ཤར་འདོན་དགོས་རེ་ཞིག་སྡུག་ཏུ་ཚུད་ན་ཡང༌།།
མ་འགྱངས་ལོ་ལོའི་དགོད་སྒྲ་སྙན་མོས་ཨ་མའི་སྐྱིད་འཛུམ་སླར་ཡང་ཕྱུང༌།།
ལོ་འཁོར་གཅིག
ཨ་མའི་ལག་རྡང་རེ་ཞིག་ལྷོད་དེ་རང་ཚུགས་གོམ་ཁ་འགའ་རེ་ལས།།
སྤོ་བར་མི་ནུས་གདོང་དང་མགོ་ནི་བསྣད་ཅིང་སྐྱི་བཤུས་བཏོད་པ་མང༌།།
ཉིན་མཚན་མེད་པར་གཉིད་དུས་མ་གཏོགས་ཁོམ་ལོང་མེད་པའི་འགུལ་སྐྱོད་ཀྱིས།།
ད་ནི་གཅེས་པོའི་ལུས་གཟུགས་དེ་ཡང་སྔར་ལས་ཅུང་ཟད་སྐེམས་གྱུར་པས།།
བུ་ཆུང་བཞིན་རས་མཚར་སྣང་གིས་ཁེངས་རང་ནུས་གང་ཡོད་ལྕོགས་ཚོད་ཀྱིས།།
སྒོ་ཁྱིམ་བར་གྱི་ཅ་ལག་ཡོད་ཚད་རེག་ཅིང་ཁ་ལ་འཇོག་བྱེད་པས།།
ཨ་མའི་སེམས་ཚེགས་མཐོ་རླབས་རེ་རེ་གཅིག་ལས་གཅིག་ལྷག་འཕྱུར་ན་ཡང༌།།
གཞན་རྣམས་སུ་ཡིས་དེ་ཚུལ་རྟོགས་ནུས་བདག་ལ་རམ་འདེགས་བྱེད་མཁན་མེད།།
དེ་ལྟར་ལོ་ཡི་ཁྱུད་མོ་འཁོར་ནས་རིམ་བཞིན་འཚར་ལོངས་བྱུང་བའི་རྗེས།།
ཕྱི་རོལ་རྒྱང་ལ་ཐོག་མར་འགྲོ་བའི་གོམ་པ་དང་པོ་དེ་རིང་ནས།།
ཁོ་མོའི་གམ་ནས་སྤོ་བར་བརྩམས་པས་དགའ་དང་རེ་བ་འགྲན་བཞིན་དུ།།
སེམས་ཀྱི་གཏིང་ནས་འཇགས་མེད་འཕྱོ་ཚུལ་རང་ལས་གཞན་གྱིས་ག་ལ་རྟོགས།།
རྩོམ་ཁུངས།