གངས་སེང་དྲན་པའི་རྒྱང་གླུ།
———པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་གཞིས་སུ་མཇལ་རྗེས།
ཉིན་མོ་སྨག་གིས་བཟུང་བའི་རི་གྲོང་འདི་ན།།
ཉིན་མོ་སྨག་གིས་བཟུང་བའི་རི་གྲོང་འདི་ན།།
རྣ་ལ་གཟན་པའི་གཏམ་ལས་གོ་རྒྱུ་མི་འདུག།
གངས་སེང་རི་ནས་བོར་བའི་གཏམ་རྒྱུད་བཞིན་དུ།།
ཡུལ་རིའི་རྒྱན་ཆ་ཐམས་ཅད་གཞན་དུ་བཞུད་ཐལ།།
བྱམས་བརྩེའི་ཕུག་རོན་དཀར་མོའི་གཤོག་རླབས་ཁྲོད་ནས།།
གྲངས་མེད་གདུལ་བྱ་འོད་ཀྱི་ཞིང་དུ་དྲངས་ཡོད།།
མུན་པའི་གཤེར་ཁུ་བཞུར་བའི་རྒྱལ་ཁམས་དག་ལ།།
ནང་རིག་ཞི་བདེ་དམ་པའི་འཇིག་རྟེན་བསྐྲུན་ཡོད།།
རྒྱ་ཆེན་ཐུགས་བརྩེ་ཟབ་མོའི་ཕུགས་རྒྱང་རིང་བོ།།
ཉམས་ཆུང་མི་རིགས་ཤིག་གི་ཁྱིམ་གཞིར་གཏད་ཡོད།།
ཟླ་བྲལ་ཐོས་བསམ་སྒོམ་པའི་མན་ངག་ཟབ་མོ།།
བགྲང་ཡས་འགྲོ་བ་རྒྱ་མཚོའི་སྙིང་ལ་བརྐོས་ཡོད།།
བགྲང་བྱ་དུ་མ་མུན་པའི་ཀློང་ནས་བསྐྱལ་དུས།།
འཇིགས་མེད་སྙིང་སྟོབས་གོ་ཆས་བཙན་ས་ཟིན་ཡོད།།
ཡེ་དག་བདེན་དོན་གནས་ལུགས་རྡོ་རྗེ་བྲག་གིས།།
མི་ཤིགས་བཙོན་གྱི་ལྕགས་མཁར་ཐལ་བར་བྱས་མྱོང་།།
རེ་མིག་ཡུན་ལ་བསྲིངས་པའི་རིགས་ཅན་དག་གིས།།
དད་གདུང་མཆི་མའི་དགའ་འབོད་ཡུག་གཅིག་སྦྲེལ་ཏེ།།
རྟ་མཆོག་རྨིག་སྒྲ་ལྡིར་བའི་ཀི་བསྭའི་ཁྲོད་ནས།།
མི་ཐེག་སྡུག་གི་རི་མོ་རི་ལ་སྤུར་མྱོང་།།
ཆོས་སྲིད་མཛད་འཕྲིན་སྐྱོང་བའི་ལོ་ཟླའི་དབྱིངས་ནས།།
བྱང་སེམས་ཆོས་ཀྱི་ཆར་ཆེན་ཅིག་ཅར་ཕབས་ཡོད།།
བཀྲེས་མནར་སེམས་ཅན་ཡོངས་ཀྱི་སྤྱི་བོའི་གཙུག་ཏུ།།
སྙིང་རྗེའི་བསིལ་གྲིབ་བརླན་ནས་ཚིམས་པར་བྱས་མྱོང་།།
འོན་ཀྱང་འཛམ་གླིང་གཙུག་གི་ཉི་མ་སེར་བོའི།།
གཟི་བྱིན་གློ་བུར་ཡལ་བའི་ཚུལ་སོགས་བསམ་ན།།
ཁྱིམ་བྲལ་མ་མེད་དྭ་ཕྲུག་བདག་མེད་ང་ཚོ།།
མི་ཐེག་སྡུག་བསྔལ་བཟེད་པའི་ཉེས་ཅན་མིན་འགྲོ།།
རིང་ནས་སྙིང་ལ་བརྣག་པའི་མདུན་པས་སྒུལ་ནས།།
གོམ་ཁ་གཞིས་ཀའི་ཕྱོགས་སུ་དངོས་སུ་བསྒྱུར་ཡང་།།
ལྷིང་འཇགས་མྱ་ངན་ཀློང་གི་ཁང་ཆེན་དེ་ཡིས།།
ཡ་ཆུང་མཆི་མའི་མཆོད་པ་དབང་མེད་བཞེས་སོང་།།
སྣ་ཚོགས་རིགས་འདུས་དད་ལྡན་ཁྲི་མ་འབུམ་གྱིས།།
དྲི་མེད་ལྷ་དར་དཀར་བོ་སོར་རྩེར་ལེན་དུས།།
བརྩེ་ཞེན་ཡོལ་གོར་ཀློང་ནས་ཉེར་གཟིགས་མཛད་སའི།།
ཕ་གཞིས་དཔོན་ཚང་ད་ལྟ་ཁ་བས་གཡོག་འདུག།
དཀོན་གཉེར་བཙུན་པ་ཞིག་གི་བདག་གཉེར་ཁྲོད་ན།།
ལྷམ་ལྷེམ་དལ་མོར་འབར་བའི་མཆོད་མེ་ཞིག་གིས།།
ཉམས་ཆུང་མཇལ་བ་ང་ལ་དགའ་འཛུམ་སྟོན་ཡང་།།
སེམས་བརྣངས་བུ་ལོར་མིག་ཆུའི་ལན་ལས་མ་བྱུང་།།
ལག་གི་དྲི་མེད་ཁ་བཏགས་གནམ་ལ་འགྱོག་དུས།།
འབུལ་སའི་གནས་ཤིག་ཡོད་པའི་མོས་པ་ཡོད་མོད།།
མཇལ་དར་ལག་ནས་ལེན་མཁན་སུ་ཡང་མེད་པས།།
མཇལ་ཡུལ་གང་ན་ཡོད་པ་མཐོང་ཐབས་མ་བྱུང་།།
སྟོང་སེང་གཞིས་ཀའི་སྒོ་ཆེན་དལ་མོར་ཕྱེས་དུས།།
སྒྲ་ཆེན་འབྲུག་སྐད་འདྲ་ཞིག་སྦུག་ལ་འཛུལ་ཐལ།།
ཞེན་ཆགས་དྲན་ཤིང་ཀློང་ནས་ཕྱིར་ལ་ཅེར་དུས།།
ཡངས་པའི་ཕོ་བྲང་མུན་པ་སྟུག་ཏུ་ཕྱིན་འདུག།
ཕྱི་ལོ་༢༠༠༧ལོའི་ཟླ་༡༢ཚེས་༡༠ཉིན་བྲིས།
ཕྱི་ལོ་༢༠༠༧ལོའི་ཟླ་༡༢ཚེས་༡༠ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།