དགེ་རྒན་ལ་བསྟོད་པ་མེ་ཏོག་ཕྲེང་མཛེས།
གཅིག
སྐལ་ལྡན་ཚོགས་ལ་རིག་པའི་བདུད་རྩིའི་ཆབ། །
འདོད་པའི་རེ་བ་ཡིད་བཞིན་རབ་འཇོ་བ། །
གང་ཞིག་བྱམས་དང་བརྩེ་བའི་བདག་ཉིད་ཅན། །
མཚུངས་མེད་བཤེས་གཉེན་མཆོག་ལ་གུས་པས་འདུད། །
དབྱར་སྐྱེས་རྔ་གསང་སྒྲ་ཡིས་མདོངས་མཐའི་ཚོགས། །
དགའ་བ་བསྐྱེད་བཞིན་མཁྱེན་བརྩེ་ནུས་གསུམ་གྱི། །
ཡོན་ཏན་ཡོངས་སུ་རྫོགས་པ་ཁྱོད་ཀྱི་མཚན། །
ཐོས་ཙམ་གྱིས་ཀྱང་རྣ་བའི་དཔྱིད་དུ་སྨིན། །
རྟ་བདུན་དབང་པོའི་ཀུན་སྣང་འབར་བའི་གཟིས། །
པདྨའི་འདབ་སྟོང་རྣམ་པར་གྲོལ་བ་བཞིན། །
མཁྱེན་རབ་འོད་ཀྱིས་རྨོངས་མུན་འཐིབས་པའི་བློ། །
སངས་པར་བྱེད་ནུས་ཁྱེད་ལ་མི་རེ་སུ། །
དེ་ཕྱིར་སྲིད་འདིར་ཁྱོད་ཀྱི་མཚུངས་ཟླའི་དཔེར། །
གཟི་དཔལ་རྣམ་པར་བཀྲ་བའི་བཅུ་གཉིས་མགོན། །
འགོད་ཀྱི་དེ་ལས་ལྷག་པའི་དཔེ་གཞན་ཞིག །
མིག་བརྒྱར་སྤྲུལ་ནས་བཙལ་ཀྱང་རྙེད་རེ་སྐན། །
འོན་ཀྱང་ཉིན་བྱེད་དུས་ཀྱི་བསྐལ་དོན་དུ། །
འགྱུར་བས་རྣམ་པ་ཀུན་ཏུ་སློབ་མའི་ཚོགས། །
ཐུགས་རྗེས་སྐྱོང་ལ་ངལ་མེད་ཁྱོད་ཀྱི་དཔེར། །
ཇི་བཞིན་འགོད་ལ་ཤིན་ཏུ་མི་རིགས་སྙམ། །
ཁྱོད་ནི་ཡོན་ཏན་བྱེ་བའི་གཞི་དང་རྟེན། །
བཙོ་སྦྱང་གསེར་ལྟར་སྐྱོན་གྱི་དྲི་མས་དབེན། །
སྲེད་ལྡན་ཀུན་གྱི་དགོས་འདོད་མ་ལུས་པ། །
སྐོང་ཕྱིར་ཡིད་བཞིན་ནོར་བུའི་དཔལ་ལ་འཁུ། །
གཉིས།
བདག་སོགས་ན་ཚོད་ཕྲ་མོའི་དུས་ཉིད་ནས། །
ཕ་མས་བུ་བཞིན་ཡི་གེ་ཕྲལ་སྦྱོར་གྱི ། །
ཀློག་གི་ཡོན་ཏན་ཐོག་མར་བསླབས་ནས་ནི། །
སྨྲ་བའི་ངག་སྒོ་ཡངས་པར་ཕྱེས་ཏེ་མཚར། །
བོད་ཀྱི་སྐད་དང་མཐུན་པའི་མིང་དང་ཚིག །
ངེས་པའི་དོན་གྱི་བརྡ་དག་གོམ་པའི་འགྲོས། །
ཐབས་ཀྱིས་ཁྲིད་པས་རིག་པའི་སྟེགས་བུ་ལ། །
འདེགས་འཇོག་རྩོམ་པའི་སྤོབས་པ་ཅུང་ཟད་རྒྱས། །
ཁྱད་པར་ཟབ་རྒྱས་ཤེས་བྱའི་གནད་ཀུན་ལ། །
ཡོངས་སུ་སྦྱོར་བའི་དཔུང་གཉེན་ཁྱེད་ལགས་པས། །
སོམ་ཉིའི་དྲ་བ་གཅོད་པའི་རལ་གྲི་དང༌། །
ལོག་རྟོག་གཡང་ལས་འདྲེན་པའི་མགོན་དུ་ཐོབ། །
རང་རྒྱུད་ཉོན་མོངས་བག་ཆགས་ཀྱིས་བསླད་པས། །
རེ་འགར་རྣམ་གཡེང་དབང་དུ་གྱུར་པའི་ཚེ། །
བདེན་འབྲེལ་ཞི་འཇམ་ངག་གི་པི་ཝང་རྒྱུད། །
བསྐུལ་ནས་སྙིང་ལ་སྨན་པའི་བསླབ་བྱ་གནང༌། །
སློབ་དུས་རིག་པའི་རྩལ་སྟོབས་མ་རྫོགས་ན། །
འབྱུང་འགྱུར་དམངས་ལ་ཞབས་ཞུ་སྒྲུབ་པའི་ཁུར། །
བག་ཡངས་འཁྱེར་བའི་སྐལ་བ་དམན་ནོ་ཞེས། །
གསུང་གི་རྒྱུན་གྱིས་ཡང་ཡང་བརླན་པར་བྱས། །
རིག་པ་ནང་བར་འཆི་ཡང་སློབ་དགོས་པའི། །
སྔོན་མིའི་གཏམ་དུ་གྲགས་པ་དེ་བཞིན་དུ། །
རིག་པའི་གཏེར་དུ་གྱུར་པའི་བཤེས་གང་གི། །
ཡོན་ཏན་ཆུ་ཐིགས་ཙམ་ཡང་སྡུད་ལ་རིངས། །
ཤེས་རབ་ནོར་གྱིས་དབུལ་བའི་ཉམ་ཐག་ཀུན། །
སྙིང་རྗེས་མ་བཟོད་ཉེ་བར་རྗེས་བཟུང་ནས། །
རིས་སུ་མ་ཆད་གང་ལ་གང་འཚམས་ཀྱི། །
ལེགས་བཤད་ཟོང་གིས་རེ་བ་རྫོགས་པར་བྱས། །
གསུམ།
གནས་ལྔ་རིག་པས་ཁྱེད་དང་ཁྱེད་ཀྱིས་ནི། །
བློ་གསལ་བཞིན་དུ་དེ་ཡིས་ནོར་འཛིན་ཁྱོན། །
མཛེས་པར་བྱས་པས་ལྷ་དང་ལྷ་མིན་ཡང༌། །
མཐོ་རིས་ཚལ་ལ་དགའ་བ་ལྷོད་པར་གྱུར། །
ལྗོངས་འདིའི་དཔལ་ལ་སྙིང་ནས་མ་བཟོད་པར། །
དགྲ་སྡེས་ཡང་ཡང་འཕུང་སྦྱོར་ལས་དག་ལ། །
མངོན་པར་ཞུགས་ཀྱང་ཆ་ཙམ་འགྲན་ནུས་པའི། །
གོ་སྐབས་ཤིན་ཏུ་ཕྲ་ལ་ཡི་རེ་མུག །
བང་ཀྲང་ཅང་ཡོ་མ་རུངས་བཞི་སྡེ་ཡི། །
“ཚོད་དཔག་གཉིས”ཀྱི་རྒྱུད་ལས་རབ་འཕོས་པའི། །
ཉེར་འཚེའི་དུག་གི་ཉག་ཕྲན་ཁྱོད་ཀྱི་སྐུར། །
ཆར་བཞིན་ཕབ་ཀྱང་འདུ་བྱེད་མ་རྫོགས་པར། །
ཏང་གི་ཕན་བདེའི་ལས་དོན་སྤེལ་པའི་ཕྱིར། །
གསར་བརྗེའི་རིག་པའི་མྱུ་གུ་སྐྱོང་བའི་ཁུར། །
སྐད་ཅིག་ཙམ་དུའང་གཡར་དམ་ར་བ་ལས། །
དོར་བའི་སྐབས་ནི་ནམ་ཡང་སྲིད་མ་ལགས། །
ཡིད་སྲུབས་བཞི་སྡེས་གཞོན་ནུ་ལང་ཚོའི་དཔལ། །
ལྡན་རྣམས་དྭངས་གསལ་བློ་ཡི་མཚོ་མོ་དེ། །
ཉེས་བཤད་གཏམ་གྱི་ཐུར་མས་དཀྲུགས་པའི་ཚེ། །
ཀུན་གྱི་གཉེན་གྱུར་མཚུངས་མེད་བཤེས་ཁྱོད་ཀྱིས། །
མཆོག་གྱུར་མར་ལེའི་དགོངས་པའི་ངེས་དོན་གྱི། །
རིགས་པའི་ཀེ་ཏ་ཀ་ཡིས་རྙོག་མའི་རྫིང༌། །
དྭངས་པར་བྱེད་ཅིང་བདེན་རྫུན་མི་མཐུན་ཆོས། །
རྣམ་པར་འབྱེད་པའི་མེ་ལོང་ལག་ཏུ་གཏད། །
བཞི།
རྣམ་པར་རྒྱལ་བའི་ཡོན་ཏན་ཡོངས་རྫོགས་པའི། །
ཟླ་མེད་ཁྱུ་མཆོག་དབང་པོ་ཧྭ་ཀྲུའུ་ཞིས། །
ཁྲོས་པའི་ང་རོ་གནམ་ལྕགས་སྒྲ་གཅིག་གིས། །
གནོད་བཞི་གཅིག་ཅར་གཞོམས་པས་ས་ཀུན་ཏུ། །
བཀྲ་ཤིས་དགེ་མཚན་དུ་མས་ཡོངས་ཁྱབ་ཅིང༌། །
སྐྱེ་རྒུའི་ཀུན་རྟོག་ཕེབས་པར་གྱུར་པ་ལས། །
དེང་རབས་ཅན་བཞིའི་རྫོགས་ལྡན་གསར་བའི་དཔལ། །
ཉེ་བར་འགུག་པའི་ཕུལ་བྱུང་ལས་ལ་ཞུགས། །
ཨེ་མ་མཁས་བཙུན་བཟང་བའི་བཤེས་གཉེན་ཁྱོད། །
ན་རྒས་མེ་ཏོག་ཕྲེང་བ་དཀར་པོའི་ཚོགས། །
སྤྱི་བོར་ཁེབས་ཀྱང་རྒྱང་སྐྱོད་གསར་བའི་ལམ། །
བགྲོད་པའི་སྙིང་སྟོབས་མ་ཉམས་འདི་གོ་རྨད། །
ལྷག་པར་མགོན་ཁྱོད་ཟླ་བས་ཀུ་མུད་བཞིན། །
ཐུགས་རྗེས་ལྷོད་མེད་བསྐྱངས་པའི་བཀའ་དྲིན་འདི། །
ཇི་བཞིན་བདག་བློས་གཞལ་པར་ནུས་མིན་ན། །
བསྟོད་ཚིག་ཕྲེང་བ་འགའ་ཡིས་སྨོས་ཅི་འཚལ། །
གང་ཉིད་རིག་ལམ་འཆད་པའི་ཁྲི་འཕང་དུ། །
གཡོ་མེད་སྐུ་ཡི་ལྷུན་པོ་རབ་བརྟན་ཅིང༌། །
སྙན་འཇེབས་གསུང་གི་སྒྲ་དབྱངས་འགག་མེད་དུ། །
རིག་པའི་དགའ་སྟོན་ཀུན་ལ་འགྱེད་དུ་གསོལ། །
རྩོམ་ཁུངས།