ཨ་ནུའི་བསྔགས་བརྗོད་ནོར་བུའི་དོ་ཤལ།
སྐྱེ་དགུའི་བསོད་ནམས་ཆུ་ཤེལ་སྙིང་པོའི་ཁམས། །
ཁ་བའི་ཟོལ་གྱིས་སྨིན་པའི་འཇིག་རྟེན་ལ། །
དགེ་ལེགས་སྣང་བ་དཀར་པོས་ཁྱབ་བྱས་པའི། །
སློབ་དཔོན་ཁྱོད་ཀྱི་མཛད་རྗེས་བླ་ན་འཕགས། །
ལྔ་ཟུང་རིག་པའི་ཆུ་གཏེར་ལས་འཁྲུངས་ཤིང༌། །
བློ་གྲོས་འདབ་སྟོང་གྲོལ་བའི་མཛེས་ཞལ་གྱིས། །
བརྟན་གཡོའི་ཆོས་ཀྱི་ཚ་ཟེར་འབུམ་འཐུང་བའི། །
གཟུར་གནས་རྣམས་ཀྱིས་ཐོས་འཛིན་འདབ་མ་རྐྱོངས། །
བརྒྱ་ཕྲག་བགྲང་བྱའི་འཁོར་ལོ་འདས་པའི་དུས། །
གངས་རིའི་སྲིད་པར་བསྟི་བའི་རྐངགཉིས་དག །
འཇིགས་མེད་སྤོབས་པས་བཏེགས་པའི་ཕྲག་པ་ནི། །
ཐོས་སོགས་ནོར་གྱིས་ལྩི་ཞེས་རྣ་བར་ལྷུང༌། །
བྷོ་ཊའི་མཚར་སྡུག་ལུས་ཕྲའི་ཟུར་མིག་གིས། །
སྲོང་བཙན་མི་རྗེ་མགྲོན་དུ་བཀུག་པ་ལས། །
ལུགས་གཉིས་ཟླ་བའི་དཀྱིལ་འཁོར་ཆེས་འཕེལ་བས། །
རྫོགས་ལྡན་དཔལ་མོའི་ཁེངས་པ་ལྷག་མར་བྱས། །
གང་གི་བཀའ་ལུང་གསེར་གྱི་དབྱུ་གུ་ཡིས། །
ཨ་ནུའི་ཐོས་འཛིན་རྔ་ཟླུམ་ཉེར་བསྐུལ་བས། །
བཀྲ་ཤིས་རེ་ཁཱ་གསལ་བའི་ཞབས་པད་ཟུང༌། །
འཕགས་ཡུལ་འཛིན་མའི་ཐིག་ལེར་ཉེ་བར་བཀོད། །
ན་ཚོད་འདབ་མ་རབ་ཏུ་ཕྲ་ན་ཡང༌། །
གཙུག་ལག་འགྲམ་ཆང་འཐུང་ལ་ཆེས་མཁས་པས། །
གྲགས་སྙན་དགུ་ཚིགས་དཀར་པོའི་སྐ་རགས་ཀྱིས། །
ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཀུན་ཁྱབ་པར་བྲེས། །
ལི་བྱིན་ཧ་རིའི་ཞལ་གྱི་ཆུ་གཏེར་ལས། །
བབས་པའི་ལྔ་རིག་ཉལ་འགྲོ་མ་ཡི་ཀླུང༌། །
སོ་སོར་རིག་པའི་སྐྱོགས་ཀྱིས་བཅུས་པ་ན། །
ཛ་ཧུ་སྐྱེངས་ནས་ཡིབ་པའི་ཉེར་བསྡོགས་རྩོམ། །
སྦྱིན་སྐྱེས་འཐབ་པའི་གཡུལ་དུ་མ་ཞུགས་ཤིང༌། །
ཞོ་འཐུང་རུས་པའི་རྩེ་བརྒྱ་མ་འཕྱར་བར། །
ལྔ་རིག་ཡོངས་འདུའི་ལྗོན་པ་མཆོག་ཐོབ་པའི། །
ལྷ་དབང་ཁྱོད་ཀྱི་བསོད་ནམས་སྲིད་ན་མཐོ། །
འཕགས་ཡུལ་ལུང་རིགས་སྨྲ་བའི་མདུན་ས་ཆེར། །
རིགས་པའི་སེངྒེ་ཁྱོད་ཉིད་སླེབས་པ་ན། །
ཇི་ལྟར་རྒྱུ་སྐར་བཀྲ་བའི་ལྷ་ལམ་དུ། །
ཆུ་ཤེལ་དཀྱིལ་འཁོར་མངོན་པར་ཤར་བ་བཞིན། །
ལེགས་བཤད་དབྱངས་སྙན་སྒྲོག་པའི་གཉིས་སྐྱེས་ཁྲོད། །
ཁྱོད་ཀྱིས་འགྱུར་ཁུག་ལྷུན་དུ་འཇོ་བ་ན། །
སྨྲ་མཁས་མཁའ་ལྡིང་དག་གི་རོ་འཛིན་ནི། །
གཡོ་མེད་ཏིང་འཛིན་མཆོག་གི་རྒྱ་ལ་བཀོད། །
ཁྱོད་ཀྱི་མཛད་བཟང་སྣང་བ་འཇོ་བའི་གཏེར། །
དགྲ་རུ་ལྟ་བའི་རྨོངས་འཐོམས་མིག་སེར་འགས། །
ཀུན་རྟོག་རང་མདངས་གད་མོར་གྱེར་ན་ཡང༌། །
འཇེབས་པར་རློམ་པའི་གཟུར་གནས་སུ་ཞིག་མཆིས། །
འདི་ན་རང་རིག་གསོང་བོར་གནས་པ་ཡི། །
བྷོ་ཊའི་རིགས་ཀྱི་དུམ་བུ་བགྲང་ཡས་པས། །
མ་སྨད་ཀུན་བཟང་སྤྱོད་པའི་ཡོན་ཏན་ལ། །
བསྔགས་པས་རོ་འཛིན་དལ་བའི་གོ་སྐབས་འཕྲོག །
གང་གི་ལེགས་བྱས་ཕུང་བོའི་ཁུར། །
གཟུགས་ཀྱི་ཁམས་སུ་སྨིན་ན་ནི། །
སྟོང་གསུམ་སྲིད་པའི་འཁོར་ལོའི་ཁྱོན། །
སྣོད་དུ་རུང་བའི་གོ་སྐབས་དབེན། །
ས་སྐྱོང་དུ་མས་བརྟུན་པ་ཡིས། །
དྲངས་པའི་ལམ་གསུམ་འབབ་པ་ཡང༌། །
ཁྱོད་ཀྱིས་བསྐྲུན་པའི་གངྒཱ་དང༌། །
བསྒྲུན་པའི་གོ་སྐབས་ཡོད་རེ་སྐན། །
རྡུལ་རྫས་བསགས་པའི་མེ་ལོང་དུ། །
བཞིན་རས་འཆར་ལ་ངོ་མཚར་ཅི། །
ཀ་ཕྲེང་སྦྱོར་བའི་རྫིང་བུ་རུ། །
བླང་དོར་གསལ་བ་ཨེ་མ་རྨད། །
ཀེ་ལ་ཤ་ཡི་རི་སུལ་དུ། །
སྨྲ་བའི་འཕྲོག་བྱེད་བགྲང་ཡས་ཀྱང༌། །
སྔར་མེད་གད་རྒྱངས་སྒྲོག་མཁས་པ། །
ཁྱོད་ལས་གདོང་ལྔ་གང་ཞིག་མཆིས། །
པད་ཚལ་སྐྱོང་བའི་ཉིན་བྱེད་ནི། །
སྙེམས་པས་ཁེངས་པ་ག་ལ་རིགས། །
རྣམ་གྲོལ་ཟེར་མ་སྟེར་བ་ཡི། །
མི་ཟད་ཉི་མས་ཁྱོད་ལ་བསྒྲུན། །
ལྷོ་རྒྱུད་དབྱིག་འཛིན་ཐིག་ལེ་རུ། །
སྔོན་དུས་ས་ལ་སྤྱོད་པ་དང༌། །
མདུན་ན་འདོན་གྱི་ཚོགས་དང་བཅས། །
ཉིན་ཞག་འཁོར་ལོའི་ལྡིང་ཁང་དུ། །
གླུ་གར་སྒྱུ་མའི་གཟུགས་བརྙན་ལ། །
བག་མེད་གཡེང་བས་དུས་འདའ་ཡང༌། །
བློ་གྲོས་ཟླ་བའི་འཛུམ་རླབས་ཅན། །
ཁྱོད་ཀྱིས་ལྔ་རིག་ཆུ་གཏེར་ལ། །
བརྟུན་པའི་གྲུ་གཟིངས་ལེགས་བསྐྱོད་དེ། །
རིན་ཅེན་ནོར་གྱི་སྐྱེས་བཟང་གིས། །
དོན་གཉིས་གཏེར་ཆེན་འཇོ་བ་ལ། །
ལྷར་བཅས་ལུས་ཅན་མཐའ་དག་གིས། །
ཟོལ་བྲལ་སྙན་པའི་དབྱངས་བདུན་གྱིས། །
ལན་བརྒྱར་བསྟོད་པའི་སྙིང་པོར་འཛིན། །
ཁྱོད་བློའི་ཆུ་འཛིན་སྟུག་པོ་ལས། །
ལྷུང་བའི་ཁ་བའི་མེ་ཏོག་གིས། །
སྲིད་འདི་མཛེས་པར་བྱས་པ་ཡིས། །
སུམ་རྩེན་གནས་ཀྱི་མཚར་སྡུག་བསླུ། །
དེ་ལྟའི་ངོ་མཚར་རོལ་མོའི་སྒྲ། །
སྲིད་གསུམ་ཁྱོན་དུ་ཁྱབ་པ་ན། །
འོག་མིན་གནས་སུ་བསྟི་བ་ཡི། །
ལྷ་རྣམས་ཀྱིས་ཀྱང་ཅ་ཅོ་སྤེལ། །
སྙིང་གི་པདྨའི་རྫིང་བུ་ནི། །
ཡིད་སྲུབས་འདམ་གྱིས་སྦགས་པ་ཡི། །
རྭ་ཟུང་གདེངས་པའི་ས་སྐྱོང་གིས། །
མ་རུངས་གདུག་པའི་སྦྱོར་བ་བརྒྱས། །
མ་སྨད་བདེ་མཆོག་ལ་སྦྱོར་བའི། །
གསུམ་ཟུང་བརྡ་སྤྲོད་ཁེངས་ལྡན་མ། །
ལྔ་བའི་ལམ་དུ་བསྐྲད་པ་ལ། །
གཟུར་གནས་སུ་ཞིག་བཏང་སྙོམས་བྱེད། །
དགྲ་གཅན་མཆེ་བའི་ཕྲག་པ་ལས། །
ཤོར་བའི་ཟླ་བའི་དུམ་བུ་ཡིས། །
རབ་ཏུ་ཟུམ་པའི་ཀུ་མུ་དའི། །
དོག་པ་འབྱེད་པ་ངོ་མཚར་རྨད། །
འགའ་ཞིག་ཁྱོད་ཀྱི་ཐུགས་རྗེའི་འོད་དཀར་གྱིས། །
རིང་ནས་བརྟས་ཀྱང་གང་ལ་སྨོད་པ་ཡི། །
བསྙེན་པས་སོར་མོ་ངལ་བར་ཞུགས་པ་ནི། །
རང་མཚང་སྟོན་ལ་མཁས་པའི་དྲན་དབང་ཉིད། །
དམུས་ལོང་རྒན་པོར་དབང་གཞུའི་ཚོན་རིས་བཞིན། །
ཡི་གེའི་སྦྱོར་བ་ཙམ་ལའང་རབ་རྨོངས་ཀྱང༌། །
ཤད་དང་དབུ་ཁྱུད་གཅོད་ལ་སྒྱུར་བཅོས་ཞེས། །
འུད་ཀྱིས་སྟོང་གསུམ་འགེངས་རྣམས་བླུན་པོའི་ཕུལ། །
མེས་པོའི་གཅེས་ནོར་བདུད་རྩི་མ་མྱངས་ཀྱང༌། །
གཞན་སྐད་ཚིག་སྐམ་འབྲེལ་མེད་འགའ་བསྣམས་ཏེ། །
ཉ་དང་ཉུང་མ་སྲེ་ལ་འགྲན་བྲལ་དག །
སྨྲ་མཁས་སྐྱེ་བོའི་གྲལ་དུ་སུ་ཡིས་བགྲང༌། །
པད་དཀར་ལྗོན་པ་སྦྲང་རྩིས་ཡོངས་གཏམས་ཀྱང༌། །
ཀུན་ཕན་ཟེར་མ་བག་མེད་འཐུང་བ་བཞིན། །
རང་རིག་གཙུག་ལག་གནས་ལ་བྱང་བ་ན། །
གཞན་གྱི་གཞུང་ལུགས་སྦྱང་ལ་འགལ་བ་ཅི། །
བློ་གྲོས་འདྲེན་བྱེད་སྩོལ་བའི་ཉིན་མོའི་མགོན། །
ཆུ་ལྷའི་ཕང་བའི་མལ་དུ་གཟིམས་པ་ན། །
སྣང་བའི་གཏེར་དུ་རློམ་པའ་སྲིན་འབུ་དག །
སྙེམས་པས་ཁེངས་པ་འཛིན་པ་ཀྱེ་མ་ཧུད། །
ཁ་བའི་གོས་ཀྱིས་འཁྱུད་པའི་འཇིག་རྟེན་ལ། །
ཁྱོད་ཀྱིས་བརྡ་སྤྲོད་ཉིན་བྱེད་མ་དྲངས་ན། །
བློ་མིག་མུན་པས་བསྒྲིབས་པའི་ལོང་བ་དག །
བླང་དོར་ལམ་སྟོན་སྒྲོན་མེ་གང་ལ་རེ། །
ཁྱོད་ཀྱི་ཐུགས་བསྐྱེད་ཟླ་གཞོན་ལས་བབས་པའི། །
ག་བུར་འཁྲི་ཤིང་གསར་བའི་ཐུར་མ་ཡིས། །
འདྲེན་བྱེད་ཀུ་མུའི་དོག་པ་ལེགས་ཕྱེས་པས། །
ལྔ་རིག་སྐྱེད་ཚལ་མཐོང་བའི་སྐལ་བ་ཐོབ། །
ཕན་བདེ་མ་ལུས་ལྷུན་དུ་འབྱུང་བའི་སྒོ། །
མ་སྨད་རྒྱལ་བསྟན་གསེར་གྱི་ཤིང་རྟ་ཆེ། །
ཁ་བའི་ལྗོངས་སུ་འདྲེན་པའི་ལོ་པཎ་དང༌། །
མེས་དབོན་རྣམ་གསུམ་ཡང་ཡང་སྙིང་ནས་དྲན། །
ཨ་ནུའི་བསྔགས་བརྗོད་མན་དཱ་ར་ཡི་ཕྲེང༌། །
ཨ་ཏི་ཤ་ཡི་ལུགས་བཟང་ལ་མོས་པ། །
ཨ་མདོའི་རིགས་ཀྱི་མྱུ་གུ་གཞོན་ནུ་སྟེ། །
ཨ་བྷྱ་ས་རས་ཤར་མར་སྤེལ་བ་དགེ། །
རྩོམ་ཁུངས། 《སྦྲང་ཆར》