བོད་ཀྱི་ཡི་གེ་ལ་བསྟོད་པ་ལྷག་བསམ་སྤྲིན་གྱི་སྒྲ་དབྱངས།
སེམས་མེད་ལགས་ཀྱང་མཁས་པའི་སྤྱན་ཟུང་གི་བདུད་རྩི། །
སྨྲ་བ་མེད་ཀྱང་སྙན་འགྱུར་སྒྲ་འཛིན་གྱི་བཅུད་ལེན། །
ཉི་ཟླ་མ་ཡིན་ལུགས་གཉིས་ཀུན་གསལ་གྱི་སྒྲོན་མེ། །
བོད་ཀྱི་ཕྱི་མོའི་ཡི་གེ་སོ་བཞི་རང་ལགས་སོ། །
མིང་གི་མེ་ཏོག་རབ་རྒྱས་ཟླ་ཤེལ་གྱི་ལྗོན་བཟང༌། །
བཟང་དགུའི་རྩེ་མོར་མཆེད་པས་འཛམ་གླིང་གི་ཡུལ་གྲུར། །
གྲིབ་མ་སྣུམ་པོའི་རྩེ་དགའ་རྫོགས་ལྡན་གྱི་ཡོ་ལང༌། །
ལང་ལོང་གཡོ་བའི་འཕྲུལ་འདེགས་འདི་ཉིད་རང་ལགས་སོ། །
མུ་ཏིག་ལྷུན་པོའི་ཁོར་ཡུག་དུ་ཀཱུ་ལའི་བླ་བྲེ། །
བྲེས་པའི་ཁོང་འཛུམ་འོད་དཀར་ལྡིང་ཁང་གི་མཛེས་རྒྱན། །
རྒྱན་དུ་ཤར་བ་གངས་ཅན་མཁས་རྒུ་ཡི་སྙིང་ནོར། །
ནོར་བུའི་སྒྲོན་མ་ཡི་གེ་འདི་ཉིད་རང་ལགས་སོ། །
འདི་ཉིད་གངས་རིའི་ལྗོངས་སུ་འཁྲུངས་པའི་སྔ་རོལ། །
གར་ནག་རྒྱ་ཡིས་བོད་ཡུལ་མུན་གླིང་ཞེས་སྨྲ་ཞིང༌། །
རྐང་གཉིས་མི་སྐད་སྨྲ་བའི་བྱོལ་སོང་ཞེས་འཕྱ་བ། །
སྒྲོ་བཏགས་མ་ཡིན་ལོ་རྒྱུས་མེ་ལོང་དུ་གསལ་ལོ། །
མཚན་ཙམ་གྱིས་ཀྱང་སྲིད་ཞིའི་གདུང་བ་ཀུན་སེལ་བའི། །
ཆོས་རྒྱལ་སྲོང་བཙན་ཉིན་བྱེད་རྟ་བདུན་གྱི་དབང་པོ། །
འཛུམ་པའི་གཟི་འོད་ཕྱོགས་མེད་རྒྱལ་ཁམས་སུ་ཤར་ཚེ། །
བོད་ཡུལ་སཱ་ལའི་སྨན་ལྗོངས་འཛམ་གླིང་དུ་གྲགས་སོ། །
ཁམས་ཀྱི་གཞོང་བ་བཅུ་གསུམ་གནམ་བསྐོས་ཀྱི་ཞིང་ས། །
ས་ཆེན་དབང་དུ་སྒྱུར་མཛད་འཁོར་སྒྱུར་གྱི་མི་དབང༌། །
མཛའ་བའི་གཉེན་དུ་བསྡེབས་པས་འཛམ་གླིང་གི་སྐྱེ་བོས། །
ས་ན་གནས་པས་ཉི་ཟླ་ཟུང་གཅིག་ཅེས་བསྔགས་སོ། །
དེ་ནས་བློ་གྲོས་མེས་པོ་ཐོན་མི་ཡི་ཟླ་ཤེལ། །
སྨག་རུམ་དགུ་བརྩེགས་སེལ་བའི་འོད་སྣང་དུ་ཤར་ཚེ། །
སྲིད་ཞིའི་གཡུལ་ལས་རྒྱལ་བའི་བཀྲ་ཤིས་ཀྱི་དགེ་མཚན། །
གཅིག་ཏུ་རྫོགས་པ་མཚན་མོའི་མགོན་པོ་རང་ཡིན་ནོ། །
གང་གིས་གསར་མཛད་སྔར་མེད་ཡི་གེ་ཡི་གྲུ་ཆེན། །
རྒྱ་བོད་ལོ་པཎ་ངག་གི་ཆུ་གཏེར་གྱི་ཀློང་དུ། །
ཡང་ཡང་བསྐྱོད་པས་ལྔ་རིག་དགོས་འདོད་ཀྱི་ནོར་བུ། །
གངས་རིའི་ལྗོངས་འདིར་སྤུངས་པ་སུ་ཞིག་གིས་གཞལ་ནུས། །
ལོ་ངོ་བརྒྱ་ཕྲག་བཅུ་གསུམ་ལྷག་ཙམ་གྱི་རིང་ལ། །
བྱོན་པའི་མཁས་མཆོག་གནམ་གྱིས་ས་ཆེན་འདི་བཀབ་འདྲ། །
གྲངས་སུ་ལྟ་ཅི་རེ་རེའི་ལེགས་གསུངས་ཀྱི་གཙུག་ལག །
རི་རྒྱལ་ལྷུན་པོར་བསྙེམས་པའི་རྣམ་ཐར་ནི་མཚར་རོ། །
གསེར་གྱི་ཐུར་མ་རྣོན་པོ་འཁྱུག་འཁྱུག་གི་གར་གྱིས། །
ཚིག་དོན་གནད་ཀྱི་མདུད་པ་ལྷུག་ལྷུག་ཏུ་བཀྲོལ་བ། །
རང་བཞིན་རྐྱེན་དང་རྣམ་འགྱུར་མཛེས་མཛེས་ཀྱི་སྒྲ་རིག །
བོད་ཀྱི་ཡི་གེ་འདི་ལ་གསལ་གསལ་གྱིས་རྫོགས་སོ། །
མངོན་རྗེས་ཚད་མའི་ནམ་མཁའ་རབ་ཡངས་མའི་གཞུ་ལ། །
ལུང་རིགས་གཏན་ཚིགས་ལྷུན་པོའི་མདའ་མོ་དེ་སྦྱར་ནས། །
ཕས་རྒོལ་བྱེ་མར་འཐག་པ་ངེས་དོན་གྱི་སྒྱུ་འཕྲུལ། །
ཡི་གེ་རྡོ་རྗེའི་ཁམས་ཀྱི་རང་སྟོབས་སུ་རྫོགས་སོ། །
སྡེ་བཞིའི་དཔལ་མང་བརྒྱ་བྱིན་གཞུ་མཆོག་གི་རི་མོ། །
བརྟན་གཡོ་སྣོད་བཅུད་མཛེས་བྱེད་བཅོ་བརྒྱད་སོགས་བཟོ་རིག །
མཛེས་ཤིང་སྡུག་ལ་ཡིད་འོང་སྒྱུ་མ་ཡི་ལྟད་མོ། །
བོད་ཀྱི་ཡི་གེ་འདི་ཡི་རྫུ་འཕྲུལ་རང་ཡིན་ནོ། །
བཞི་བརྒྱ་རྩ་བཞིའི་ནད་འཇོམས་འཆི་མེད་ཀྱི་བདུད་རྩི། །
གསོ་རིག་ཡན་ལག་བརྒྱད་ལྡན་གཞུང་བཟང་གི་ཆུ་བོ། །
རླབས་ཕྲེང་བརྒྱ་ལྡན་གངས་ཅན་ནོར་འཛིན་གྱི་མཐིལ་ལ། །
དྲངས་པའི་ཡུར་བ་ཡི་གེ་འདི་ཉིད་རང་ཡིན་ནོ། །
ཕུང་བོ་ཁམས་དང་སྐྱེད་མཆེན་ཀུན་ར་ཡི་མེ་ཏོག །
སྣ་ཚོགས་བཀྲ་བའི་སྐྱེ་འཇིག་ལེགས་ཉེས་ཀྱི་རང་བཞིན། །
ལེགས་སྟོན་བརྒྱད་ཁྲི་བཞི་སྟོང་ཆོས་ཉིད་ཀྱི་གཏན་ཚིགས། །
ནང་དོན་རིག་པ་དེ་ཡང་འདི་ཉིད་ལས་བྱུང་ངོ༌། །
རྒྱན་གསུམ་ནོར་བུའི་དོ་ཤལ་མཛེས་སྡུག་ཏུ་འབར་ཞིང༌། །
ཤར་ལྷོའི་སྙན་འགྱུར་གྲུ་ཡི་བང་མཛོད་ཀྱི་མཛེས་མ། །
རྩེ་དགའི་གྲོགས་སུ་འགུགས་བྱེད་ངག་སྐྱེས་ཀྱི་པི་ཝང༌། །
བོད་ཀྱི་ཡི་གེ་འདི་ཡི་ཉམས་འགྱུར་དུ་རྫོགས་སོ། །
སྲིད་ཞིའི་ནགས་ཀླུང་དབྱར་སྐྱེས་སྔོན་པོ་ལས་འཁྲུངས་པའི། །
མངོན་བརྗོད་སྣ་ཚོགས་ནོར་བུའི་འཁྲི་ཤིང་གི་མེ་ཏོག །
འདོད་རྒྱལ་རྗེས་གྲུབ་ཁ་དོག་སྣ་ཚོགས་ཀྱི་རེ་ཁཱ། །
བོད་ཀྱི་ཡི་གེ་འདི་ཡི་མཁའ་དབྱིངས་སུ་ཤར་རོ། །
ཚིག་དོན་ཕུན་ཚོགས་ཉམས་ལྡན་གཞན་གསོས་ཀྱི་བུ་མོ། །
པྲྀ་ཏྟ་ཛ་ཏིའི་སྒྲོ་གོར་སྣ་ཚོགས་ཀྱི་མེ་ཏོག །
མཛེས་པར་བསྡེབས་པས་རབ་བརྒྱན་འདྲེན་བྱེད་ཀྱི་དགའ་སྟོན། །
ངག་གི་སྦྱོར་བ་འདི་ཡང་བོད་ཡིག་ཏུ་མཛེས་སོ། །
གོ་ལ་ཟླ་ཉི་གཟའ་སྐར་འཕོར་འགྱུར་གྱི་དུས་སྦྱོར། །
དཀར་ནག་དབྱངས་འཆར་རིག་པའ་རྩེ་དགའ་ཡི་རི་མོ། །
གསལ་བར་འཆར་བ་ཤེལ་དཀར་མེ་ལོང་གི་ཞལ་རས། །
རྩིས་ཀྱི་རིག་རྩལ་འདི་ཡང་ཡི་གེ་ལས་བྱུང་ངོ༌། །
ཉམས་དགུ་ལྷུན་རྫོགས་དྲི་ཟའི་ན་ཆུང་གི་དགའ་མ། །
སྒྱུ་རྩལ་དྲུག་ཅུའི་གར་གྱི་ཉམས་འགྱུར་ལ་བརྟེན་ནས། །
སྣ་ཚོགས་སྐད་ཀྱི་དབྱངས་བདུན་དྲུག་འགྱུར་དུ་ལེན་པའི། །
ཟློས་གར་རིག་པའི་ལྟད་མོ་ཡི་གེ་ལས་བྱུང་ངོ༌། །
སྦྲང་ཆར་བཅུད་དུ་ཆགས་པ་སྤྲིན་སྔོན་གྱི་ཡི་གེ། །
ཤེས་བྱའི་ལྷ་ལམ་ཡངས་པོའི་ལྡིང་ཁང་ནས་བྱོན་དང༌། །
ལྔ་རིག་བཅུད་ལ་དགའ་བའི་བུ་རམ་གྱི་ལྗོན་པར། །
རེ་ས་སྦྲང་རྩིའི་ཆར་བ་ཁྱོད་རང་ལས་མི་འདུག །
ཕུན་ཚོགས་དཔལ་རབ་སྟེར་བ་དཔྱིད་དཔལ་གྱི་ཡི་གེ ། །
ཕྱོགས་མེད་དྲོད་ཀྱི་གུར་ཁང་དམ་པ་ནས་བྱོན་དང༌། །
ལྔ་རིག་བསུང་ལ་དགའ་བ་པད་དཀར་གྱི་གཞོན་ནུར། །
རེ་ས་དཔྱིད་ཀྱི་མ་མ་ཁྱོད་རང་ལས་མི་འདུག །
ཀྲུང་ཧྭ་མི་རིགས་ཧྲིལ་བོའི་ནོར་འཛིན་གྱི་གཞི་ན། །
མི་རིགས་སྣ་ཚོགས་ཅན་བཞིའི་ལྷ་ཡུལ་དུ་བསྐྱོད་པ། །
ཨེ་མ་གཟིགས་སམ་བོད་ཡིག་རིག་འཕྲུལ་ཀྱི་མེས་པོ། །
བོད་ཀྱི་ན་གཞོན་ཁྱོད་ཀྱི་འཕྲུལ་འདེགས་ལ་རེ་འོ། །
ཁྱོད་ཉིད་མི་བསྲུན་འབྱུང་བོས་མནར་བ་ནི་མིན་ན། །
ཉི་ཟླ་སྦར་འཛིན་རི་རབ་སྤོར་བ་ཡང་སླ་ཞིང༌། །
ཅན་བཞིའི་ལས་ཀྱང་མཛུབ་གུའི་རྩེ་མོ་རུ་རྩེན་པའི། །
རིག་པའི་དཔའ་བོ་གངས་ཅན་ཡུལ་ལྗོངས་སུ་ཤོང་ངམ། །
ད་ནས་གུང་ཞེས་བྱ་བའི་རླབས་ཆེན་གྱི་ཏང་གི །
གཞལ་དཀའི་སྐུ་དྲིན་ཡིད་ལ་བརྗེད་མེད་དུ་བཅངས་ནས། །
མྱུར་མགྱོགས་ཤུགས་ལྡན་ཅང་ཤེས་རྟ་མཆོག་གི་ཁ་ལོ། །
ཅན་བཞིའི་ལམ་དུ་སྒྱུར་བར་ཐུགས་སྟོབས་ནི་སྐྱེད་ཅིག །
འདི་འདྲའི་གླུ་དབྱངས་ངག་གི་རྩེད་འཇོ་རུ་བགྱིད་པའི། །
གཞོན་ནུ་བདག་ཀྱང་ཁྱེད་ལ་སྙིང་ག་ནས་ཞེན་པས། །
ལྷག་བསམ་སྤྲིན་གྱི་སྒྲ་དབྱངས་ལྷང་ལྷང་དུ་གྲགས་པ། །
བོད་རིགས་སྤུན་ཟླ་རྣམས་ཀྱི་ཞབས་འདེགས་སུ་གྱུར་ཅིག །
རྩོམ་ཁུངས།