སྒེར་གཞུང་འབྲེལ་བའི་ཐ་གུ་ཁྲ་རིས་མ།
གཞུང་ཞེས་ཆེན་པོ་ཞིག་ཏུ་གླེང་ན་ཡང༌།།
གཞུང་གི་ཐམ་ཀ་སྒེར་གྱི་ལག་ན་ཡོད།།
སྒེར་གཞུང་ཁ་ཁ་སོ་སོ་ཡིན་ཟེར་ཡང༌།།
གཞུང་གི་གཙང་བོ་སྒེར་གྱི་མཚོ་མོར་བཞུར།།
གཞུང་དོན་ཁ་ཤས་སྒེར་གྱིས་ཐག་གཅོད་བྱེད།།
སྒེར་དོན་ཁ་ཤས་གཞུང་གིས་སྒྲུབ་རོགས་བྱེད།།
སྒེར་གཞུང་འབྲེལ་བའི་ལྟེ་ཐག་རིང་མོ་འདི།།
གཅོད་པའི་རྣོ་དབལ་རལ་གྲི་མེད་དོན་ཅི།།
གཞུང་གི་རླངས་འཁོར་ཆེ་མ་ཆུང་གསུམ་པོ།།
སྒེར་གྱི་དོན་ལ་བརྒྱུགས་ནས་འཁོར་ལོ་ཟད།།
གཞུང་གིས་བཙུགས་པའི་ལི་ཤིའི་མེ་ཏོག་དེ།།
སྒེར་གྱི་བུམ་པའི་ནང་ན་ལྷག་ཏུ་མཛེས།།
ཕྱི་ཡི་མགྲོན་པོ་བསུས་པའི་ཆང་རིན་དང༌།།
ནང་མི་ལྷན་འཛོམས་བྱུང་བའི་ཟས་རིན་སོགས།།
གཞུང་གི་རྩིས་ཐོའི་ནང་ན་རྙེད་དཀའ་ཡང༌།།
སྒེར་གྱི་སྒོར་མོ་དོན་མེད་འཕུར་བ་མིན།།
གཞུང་གི་རྒྱུ་ལ་འཛད་མཐའ་མེད་པ་དང༌།།
སྒེར་གྱི་སྣོད་ལ་གང་བ་མེད་པ་གཉིས།།
ཕན་ཚུན་རྩེད་མོ་ཞིག་ཏུ་སྣང་བ་འདི།།
ཝ་ལེར་བསམ་ན་རྟེན་ཅིང་འབྲེལ་བས་གྲུབ།།
གཞུང་འདི་བཙུགས་པ་ཐོག་མར་སྒེར་གྱིས་བཙུགས།།
གཞུང་འདི་འཛད་པ་ཐ་མར་སྒེར་གྱིས་འཛད།།
སྒེར་གཞུང་འབྲེལ་བའི་ཐ་གུ་ཁྲ་རིས་མ།།
སྙིང་གི་མཛའ་མོ་མིན་ཡང་སྙིང་དུ་སྡུག།
༢༠༠༥ ༥ ༦
རྩོམ་ཁུངས། སྙན་ངག་དེབ