འཇུ་སྐལ་བཟང་གི་ཚིགས་བཅད་ཐོར་བུ་ཕྱོགས་བསྒྲིགས།
བཤེས་གཉེན་ལ་བསྟོད་པ།
མཁའ་ལ་གཟའ་སྐར་མཐའ་ཡས་ཀྱང༌། །
པ་སངས་མདངས་ལ་འགྲན་པ་དཀའ། །
ས་ལ་མཁས་པ་གྲངས་མང་ཡང༌། །
བསམ་གཏན་མཚན་ཅན་བླ་ན་འཕགས། །
བསིལ་རིའི་ཞིང་གི་མི་རིགས་ཀྱི། །
ཀུན་འདུས་གཞུང་ལུགས་ཕུལ་བྱུང་རྒྱུན། །
ལེགས་སྤེལ་དཔེ་མེད་བཤེས་གཉེན་ཆེ། །
སློབ་དཔོན་མཆོག་ཁྱོད་མགོན་སྐྱོབ་དངོས། །
ལམ་ཕྱེད་ནས་ཕྱི་མིག་བལྟས་པ།
དགའ་སྐྱོ་གོམ་ལ་གཞལ་བའི་བཤུལ་ལམ་གྱི་ཁུགས་པར།
སྐྱིད་སྡུག་ཚེ་ཕྱེད་ཟད་ལ་འགྱོད་པ་རང་མེད་ཀྱང༌། །
ཨ་མའི་པང་ནས་རྙེད་པའི་ལྷན་སྐྱེས་ཀྱི་གཤིས་རྒྱུད།
རྩྭ་མགོ་ཤིང་མགོར་ཟགས་ལ་ཕངས་སེམས་ཤིག་ཤོར་སོང༌། །
ཨ་མ་དང་འཁོར་ལོ།
ལང་ཚོ་རྙིད་པའི་ཕྱག་སོར་གྱིས། །
མི་ཚེའི་སྲོག་ཤིང་དམ་དུ་འཁྱུད། །
འཚོ་བའི་འཕང་ལོ་གཏོས་ཆེ་བ། །
ཡང་དང་ཡང་དུ་སྐྱོར་ཞིང་སྐོར། །
ང་རྒྱལ།
གཅུན་ཆེས་ན་རྒྱ་མོའི་བྱིའུ་རྐང་འདྲ། །
བསམ་བཞིན་དུ་རང་ལུས་ཕྱེད་ཀར་གཏོང༌། །
སྦུད་ཆེས་ན་དབུགས་ཀྱི་ལྒང་བུ་འདྲ། །
ཚད་ཅིག་ནས་རང་ལུས་ཚལ་བར་འགས། །
ལས་དབང༌།
རེས་འགའ་ཤིང་ལོ་རླུང་ཞོན་མ། །
འགྲོ་འདུག་གདམ་ཀ་འགའ་ཡང་མེད། །
རེས་འགའ་གླ་ལྤགས་བཟའ་མཉེད་མ། །
ག་སར་འཐེན་ན་དེ་སར་འོང༌། །
ཉིན་གུང་གི་དབེན་པ།
གོག་མ་ཀེར་གྱིས་ལངས་པའི"རེ་སྦྲ་རིད་པོ"ན། །
བན་མ་བུན་དུ་ལྡང་བའི"དུ་བ་ནད་པ"ཞིག །
དྲོད་མ་འཇམ་གྱིས་ཤར་བའི་ཉི་ཐིག་རྙིད་པོ་ན། །
གཉིད་མ་སད་དུ་ལོག་པའི་བགྲེས་པོ་རྙིང་པ་ཞིག །
དགུན།
ལྗོན་ཤིང་ཡལ་གར་འཕྲེད་དུ་རེངས་པའི་མི་སྡུག་གཟུགས།
ཁུ་བྱུག་ལྕེ་རྩ་དམ་དུ་བཅིངས་པའི་སྐྱོ་ཤས་སྒྲོག །
རྗི་བོའི་ལྷམ་ངོར་གངས་འཁྱགས་བརྩེགས་པའི་མྱ་ངན་ལྩིད། །
ཆབ་རོམ་སྦུབས་ན་ལྷུང་ལྷུང་འབབ་པའི་རེ་བའི་རྒྱུན། །
སྐེ་ཤ་ལ་ཧབ་ཐོབ་རྒྱག་པའི་མགྲོན་པོ།
ལེན་ནུས་ན་ལེགས་པར་ལོངས་ལ་ཤོག །
གཤོང་གཤོང་ན་ཤ་ཡི་ཕུང་པོ་ཆགས། །
རང་གཞན་གྱི་ལྟོ་བ་འགྲང་བྱེད་ཡིན། །
མ་ཐོབ་ན་མ་འགྲན་སྐྱུར་ལ་ཐོངས། །
སྒང་སྒང་ན་རུས་པ་འབུར་བོ་གཟེངས། །
ལས་ངན་གྱི་སྣ་རྩེ་ཐོགས་ས་ཡིན། །
མཛའ་བརྩེ།
གཡང་དཀར་པགས་པའི་སློག་པ་སྤུ་རིང་ཅན། །
ཇི་ཙམ་མཐུག་པ་དེ་ཙམ་སིམ་ནས་འོང༌། །
རྫས་འགྱུར་སྐུད་པའི་ལྭ་བ་མཛེས་པོ་མ། །
ཇི་ཙམ་སྲབ་པ་དེ་ཙམ་བརྟོལ་དུ་མེད། །
སྙན་ངག་གི་རིན་ཐང༌།
ཐོབ་ཤོར་གྱི་མེ་ལྕེ་ཁ་ཚ་མས། །
འདོད་སྲེད་ཀྱི་ཅོ་ནས་བཟུང་གྱུར་ཏེ། །
རྒྱལ་ཁམས་འདི་འུར་གྱིས་གང་བའི་དུས། །
ངུ་དགོད་ཀྱི་གཏམ་དེ་སུ་ལ་སྒྲོགས། །
གོ་ས་དང་ར་བཟི་ཡི་གཏན་ཚིགས།
(གསོ་རིག་རྒྱུད་བཞི་ལས།)
ར་རོ་དང་པོ་རང་སྣང་སྐྱིད་པའི་དུས། །
ཕན་མེད་གནོད་མེད་ལབ་རྡོབ་ཟ་ཟི་ཙམ། །
ར་རོ་གཉིས་པ་གླང་ཆེན་སྨྱོན་པ་འདྲ། །
ཕན་གནོད་ཆེ་ཞིང་སྟོབས་དང་སྤོབས་པ་བདོ། །
ར་རོ་གསུམ་པ་ཤི་བའི་རོ་དང་འདྲ། །
ཅི་ཡང་མི་ནུས་མུན་པའི་གནས་སུ་ལྷུང༌། །
གྲང་ལྷགས་ཀྱི་མཚན་མོ།
གངས་འཁྱག་མལ་དུ་གནག་ཕྱུགས་སོ་སྒྲ་འཆའ། །
སྒོ་ཁྱི་ཟུག་པའི་གཅོང་སྐད་རླུང་གིས་འཁྱེར། །
སྦྲ་ནག་གོང་ཁ་རལ་བའི་བུ་ག་ན། །
ལྷགས་པས་འཇུམ་པའི་སྐར་མ་ཁོང་འདར་བྱེད། །
རྩྭ་ཐང་གི་དགོང་སྲོད།
སྲོད་ཁའི་ཉི་མས་གྲིབ་མ་རིང་དུ་བསྲིངས། །
གཡང་དཀར་མ་བུ་འཕྲད་པས་འབའ་སྒྲ་སྒྲོག །
ཨོང་སྒྱེ་ཕྲག་པར་གཟར་བའི་གཞོན་ནུ་མས། །
རྡུལ་རླུང་འཐིབ་པའི་ལམ་ལ་ཕྱིར་མིག་ལྟ། །
ཆར་རྗེས་ཀྱི་རྩྭ་ཐང༌། །
དབྱར་གྱི་ལྷོ་སྤྲིན་དལ་གྱིས་སྤྲུགས་པ་ལས། །
དྭངས་བསིལ་ཟིམ་བུར་འབབ་པའི་ཆར་རྒྱུན་གྱིས། །
མེ་ཏོག་ཞལ་རས་བཀྲུས་པའི་ཁ་ཡི་རླུང༌། །
རྩི་སྨན་སར་བའི་ངད་ལྡན་ཕྱོགས་སུ་སྤྲོ། །
རྨ་ཆུ།
སྔོན་བྱུང་ལོ་རྒྱུས་འཁྱོག་པོར་གཅུ་བའི་ལྩིད། །
མ་ཐེག་བསིལ་བའི་ཡུལ་གྲུ་འཁུན་ལྡན་མའི། །
ས་འཛིན་བ་སྤུ་ངལ་བའི་རྩེ་དག་ནས། །
ཁ་བའི་རྡུལ་ཕྲན་རྔུལ་བ་ཀྱ་ཀྱུར་འབབ། །
ལེ་འདེད།
མི་གཉའ་མི་ཡིས་ཞོན་པ་མི་ཆོས་སུ་གོ་ནས། །
གནག་སེམས་གཡོ་སྒྱུའི་གྲི་གུག་ཡང་ཡང་དུ་ཕྱར་ཡང༌། །
དབང་མེད་རུས་པ་སྙི་མོའི་སྤར་ཁ་དེ་གྱེས་པ། །
མདོ་ཤོར་ཕ་རྒན་སྤྲེའུའི་བསླབ་པ་དེས་ཉེས་སམ། །
མི་ངོ་མི་ཡིས་འཚོ་བ་མི་གཤིས་སུ་འདུག་སྙམ། །
ངོ་སྲུང་བཅོས་མའི་སྐྱི་འཛུམ་ནན་ཏུར་གྱིས་བསྡུས་ཀྱང༌། །
བཅོས་མེད་པགས་པའི་རྩ་རྒྱུས་རང་ས་རུ་ལྷོད་སོང༌། །
ལས་ངན་ཨ་མ་སྲིན་མོའི་རང་གཤིས་དེས་ལན་ནམ། །
བག་ཆགས།
ནམ་ཞིག་རྟེན་མེད་རྣམ་ཤེས་འཁྱམ་པོར་གྱུར་བའི་ཚེ། །
ཁྱོད་དང་འུ་གཉིས་དུར་ཁུང་གཅིག་ཏུ་སྦས་གྱུར་ན། །
ཁྱོད་ཀྱིས་དེ་རུ་གསེར་གྱི་སྒོར་མོ་ཁྲོག་ཁྲོག་བརྩི། །
ཁོ་བོས་ད་དུང་ལེགས་ཉེས་དགེ་སྐྱོན་འབད་པས་དཔྱོད། །
དབྱར་གཞུང་གི་རྩྭ་ཐང༌།
སྔོ་ལྗང་དབྱར་གྱི་རྦ་རླབས་གཡོ་བའི་ཁར། །
མཐིང་ནག་སྦྲ་ཡི་ཚོམ་བུ་གཡེང་ཞིང་འཕྱོ། །
འོ་མའི་ངད་ཁ་ལྡང་བ་དུ་བའི་སྤྲིན། །
རྒྱང་རིང་རི་བོའི་མགུལ་ན་ལྷོད་དུ་ཆགས། །
མགྱོགས་བྲིས་ཁག་གསུམ།
མིག
བལྟ་འདོད་ཀྱི་སྲེད་པ་རིག་རིག་འཁྱུག །
འཐོབ་འདོད་ཀྱི་རྔམ་སེམས་རོལ་དུ་ཁྲིད། །
དཀར་ནག་གི་གདོང་བ་རེས་མོས་ཅན། །
བསླུ་བྲིད་ཀྱི་བུ་མོ་ཁྲ་རིལ་མ། །
ལྕེ།
ཁ་ཡག་གི་སྦྲང་ཆར་སིལ་མ་དང༌། །
ཚིག་རྩུབ་ཀྱི་དུག་ཆུ་ཁོལ་མ་རུ། །
ཡང་ཡང་དུ་ངར་ཁ་བླུད་པ་ཡི། །
རྣོ་ངར་གྱི་རལ་གྲི་སོ་ཉིས་མ། །
རྣ།
མངོན་སུམ་གྱི་གདོང་བའི་ཕག་ཏུ་ཡིབས། །
དགའ་སྡུག་གི་གཏམ་གྱི་འཕྲིན་པ་སྐྱེལ། །
ཆགས་སྡང་གི་ལས་ཀའི་གཡབ་མོ་སློང༌། །
མགོ་ཟུར་གྱི་རྒན་མོ་དབྱེན་རྒན་མ། །
རྩོམ་ཁུངས། སྙན་ངག་དེབ