ཁང་བ་སྔོན་པོའི་གཏམ་རྒྱུད།
ཕ་རོལ་གན་ན་ཆུ་ཆེན་རབ་མེད་ཅིག།
གཙང་པོའི་གཞུང་ན་གྲུ་མཁན་སྟོད་རྗེན་ཞིག།
ཆུ་དེའི་ངོགས་ན་བྱེ་མའི་ལ་རྒོད་ཅིག།
དེ་ཡི་རྒྱབ་ན་ཁང་པ་སྔོན་པོ་ཞིག།
ཨ་ཕས་མ་འགྲོ་མ་འགྲོ་སྡོད་ཅིག་གསུངས།།
ཨ་ཁུས་རིང་ཞིག་སོང་ནས་མྱུར་ལོག་གསུངས།།
གྲོགས་པོས་ཅིས་ཀྱང་བགྲོད་དགོས་རིག་པའི་བུ།།
བུ་ཆུང་སྨྲ་བཅད་ངག་བསྡམས་བརྟུལ་ཞུགས་འཛིན།།
རིག་ན་སྙིང་རླུང་སྐུལ་བའི་དམར་ཆུང་སྲོག།
ཐོས་ན་སྨྲེང་བ་འགུག་པའི་སྙན་མོ་དབྱངས།།
ཁང་པ་སྔོན་པོ་ཁྱོད་ལ་བུ་ལོན་རེ།།
ག་དུས་ཟུག་སོང་ང་ཉིད་བློ་མ་བདེ།།
ལྟོགས་ཀྱིས་དོགས་ནས་བག་ལེབ་རུམ་གང་ཁྱེར།།
སྐོམ་གྱིས་དོགས་ནས་ཆུ་འཁྱག་ཕོར་གང་ཐོགས།།
ཟིན་གྱིས་རེ་ནས་ཚེར་མ་རྡོག་པས་མནན།།
འཆོར་གྱིས་དོགས་ནས་གཙུག་ལ་སྒྲོན་མེ་བཏེགས།།
ལག་པ་བསྲིངས་དུས་ཁྱོད་ནི་ཐོལ་གྱིས་ཡལ།།
ཞིབ་ཏུ་གསན་སྐབས་ཁྱོད་ཀྱིས་བསླུ་དབྱངས་སྒྲོཊ།
དོན་དམ་གནས་སམ་སྟོང་བའི་སེམས་འགྱུ་ཞིག།
ཁང་པ་སྔོན་པོ་ཁྱོད་ལ་ཡང་ཡང་ཟུག།
ཚེ་ཐུང་རྨི་ལམ་སྒྱུ་མའི་རོལ་གར་གྱིས།།
ལས་ཀྱི་འཇུག་ངོགས་འདི་ལ་སྤྲོ་འཆམ་བྱེད།།
ཀོ་གྲུ་ཀོ་གྲུ་ད་ནི་ཚུར་ཤོག་དང༌།།
གཙང་པོའི་གཞུང་འདིར་བདེ་བླག་ཁྱེར་ཅིག་བརྗོད།།
ཁྱོད་ཀྱིས་ཆུ་མོའི་སྒལ་གཞུང་གཏུབས་སོང་ཞེས།།
འཐོར་རླུང་དྲག་པོས་རླབས་ཀྱི་ཆོ་འཕྲུལ་བསྒྱུར།།
འབབ་ལམ་དཀྲུགས་ནས་རྒྱུན་སྲོལ་བཅད་སོང་ཞེས།།
ལྟོ་དཀར་ཉ་མོའི་ཚོགས་ཀྱིས་ཀླུ་དབང་བསྟེན།།
གྲུ་ཁེམ་སྣེ་མོས་སྐྱོམ་རྒྱག་ཕབ་པའི་ཚེ།།
གྲུ་མཁན་སྟོད་རྗེན་དཔུང་ཡའི་བརྐྱངས་ཞགས་ཀྱིས།།
རླབས་རིས་འཚུབ་མའི་ཆུ་ཀླུང་རིང་མོ་ལས།།
དབུགས་ཀྱི་ཐ་མའི་འཁོར་ལོ་ཤེད་ཀྱིས་བསྐོར།།
གཙང་པོའི་ཕར་ངོགས་དེ་ནས་ཕྱི་མིག་ཅིག།
ད་དུང་བགྲོད་དགོས་སྙམ་པའི་རྟོག་པ་ཞིག།
བག་ལེབ་སྐམ་པོའིསྟེང་ན་སོ་ཤུལ་ཞིག།
ཆུ་འཁྱག་ཕོར་བའི་ནང་ན་བྱེ་ཟེགས་ཤིག།
བྱེ་མའི་ལ་རྒོད་འདབས་ནས་ངལ་ཙམ་གསོས།།
ལྷམ་སྒྲོག་ཕྲ་མོ་ལག་པས་ཡང་ཡང་བསྡམས།།
རྡོག་ཁྲེས་ཕྲ་མོ་རྒྱབ་ལ་དལ་གྱིས་བླངས།།
སེམས་ཐག་བཅད་དེ་གཅིག་པུ་བགྲོད་མགོ་ཚུགས།།
རླུང་ནག་འཚུབ་མས་འཛིན་མའི་ངོ་གདོང་གཡོགས།།
ཤུ་སྒྲ་དྲག་པོས་སྒྲོག་གུ་ངང་གིས་གྲོལ།།
ཁ་ཕྱོགས་འཛོལ་བས་ཡང་འཁོར་བསྐྱར་འཁོར་རྒྱག།
ནམ་མཁའིལྷ་མོས་སྡོངས་གྲོགས་མཛད་པར་ཞུ།།
རླུང་ཆེན་འཇགས་ཀྱང་རྗེས་ཤུལ་སོར་གང་མེད།།
སྨག་རུམ་སྟུག་པོས་འོད་ཁྱིམ་ཁྱུར་མིད་བཏང།།
རྒྱང་ན་གཅན་གཟན་གཏུམ་པོ་བརྒྱལ་བ་ཐོས།།
དྲུང་ན་བྱ་བྱེའུ་འབའ་འབུའི་སྡུག་སྐད་འབྱིན།།
བརྒྱལ་བ་སངས་ནས་མིག་ཟུང་ཕྱེ་བའི་ཚེ།།
མདུན་ལ་ཟས་ཀྱི་མཆོད་པ་མང་བཤམས་ནས།།
གདོང་ལ་འཛུམ་གྱི་རི་མོ་ཆགས་པ་མོས།།
བྱང་ལ་མཛུབ་མོས་འཛུགས་བཞིན་དབྱིངས་རིམ་བསྟོད།།
ཤེའུ་རྩེད་འཇོ་གར་ལ་རོལ་བཞིན་འོངས།།
གཅེས་དུང་ཚུལ་གྱིས་མིག་ཆུང་རིག་རིག་གིས།།
མདུན་ནས་བསུས་ཏེ་བྱེ་མའི་རྒྱབ་རོལ་ཏུ།།
དོགས་པ་མེད་པར་ཤར་མར་གཤེགས་ནས་སོང༌།།
ཁང་པ་སྔོན་པོའི་རྩེ་ན་འོད་ཁྱིམ་ཞིག།
ཁང་པ་སྔོན་པོའི་སྐེད་ན་ཚོན་མདངས་བཀྲ།།
ཁང་པ་སྔོན་པོའི་འདབས་ན་མེ་ཏོག་བཞད།།
དེ་རུ་བགྲོད་ན་ད་དུང་བར་ཐག་ཅིག།
བག་ལེབ་སྣོད་ཕད་སྟོངས་ནས་ཉིན་ལྔ་ཕྱིན།།
ཆུ་འཁྱག་ཕོར་བ་ཆག་ནས་ཞག་བདུན་འདས།།
ལྷམ་མཐིལ་ཟད་ཅིང་བརྟོལ་ནས་ཟླ་གཅིག་འགོར།།
གདོང་ལ་སྨྲ་རའི་དམག་གིས་ཀུན་ནས་བསྐོར།།
ཁྱིམ་གཞིས་གཉེན་ཉེའི་མིང་ཙམ་སྟོངས་ན་ཡང༌།།
ཁེར་རྐྱང་སེམས་ལ་དྲོད་ཐིགས་ཤས་ཙམ་ལྷུང༌།།
བརྩེ་བའི་སྐྱེད་མའི་ཕྱག་འཇམ་དབེན་ན་ཡང།།
གྲོགས་པོའི་གདམས་ངག་སེམས་པའི་གསོས་སུ་སྨིན།།
འཇིག་རྟེན་སྐྱིད་ཀྱི་ལོངས་སྤྱོད་དོར་ནས་ནི།།
ཁང་པ་སྔོན་པོའི་དཔལ་ལ་དོན་གཉེར་གྱིས།།
འགྲོ་ལ་ཕན་པ་ཅུང་ཟད་བསྒྲུབ་པ་ལས།།
མིང་གི་རི་མོ་འཇོག་མཁས་ཁྱོད་རྒྱལ་ཅིག།
རྩོམ་ཁུངས།