ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུག་པའི་འཕྲུལ་འཁོར།
ཀ་བ་བུམ་པ་ཟེར་བའི་གྲྭ་བ་ཚོས་རིགས་ལམ་མི་རྩོད་སྒོར་མོ་རྩོད། །
ཁ་ཏོན་དགེ་སྦྱོར་བྱེད་པའི་ཨ་མཆོད་དག་དགེ་བ་མི་གསོག་སྒོར་མོ་གསོག །
ག་ལེར་ཉི་མ་སྐྱེལ་བའི་སྒོམ་ཆེན་རྣམས་སེམས་ངོ་མི་འཚོལ་སྒོར་མོ་འཚོལ། །
ང་ཁྱོད་ཕྱོགས་རིས་སྤངས་པའི་བྱ་བྲལ་ཡང་དབེན་གནས་མི་སྙོག་སྒོར་མོ་སྙོག །
ཀ་ཁ་ག་ང་སློབ་པའི་བྱིས་པ་ཚོས་དབྱངས་གསལ་མི་ཀློག་སྒོར་མོ་ཀློག །
ཁ་རོག་མ་ཎི་འདོན་རན་རྒས་འཁོགས་དག་ཕྲེང་བ་མི་བགྲང་སྒོར་མོ་བགྲང༌།
ག་བྱེད་འདི་བྱེད་མེད་པའི་ལས་བྱེད་རྣམས་བྱ་བ་མི་གཉེར་སྒོར་མོ་གཉེར། །
ང་ཅག་མི་རབས་གསར་བའི་ན་གཞོན་ཡང་མདུན་ལམ་མི་སེམས་སྒོར་མོ་སེམས། །
ཅ་ཅོས་འུར་གྱིས་ཁེངས་པའི་རྩོད་གྲྭ་ན་བརྩད་པའི་ངེས་དོན་སྒོར་མོ་རྙེད། །
ཆ་བཞི་མཐའ་དབུས་འཚོལ་བའི་སྒོམ་གྲྭ་ན་བསྒོམས་པའི་སྙིང་པོ་སྒོར་མོ་རྙེད། །
ཇ་ཆང་དགྱེས་དགུར་རོལ་པའི་སྔགས་འཆང་ཚོས་གདམས་པའི་ཡང་ཏིག་སྒོར་མོ་རྙེད། །
ཉ་སྟོང་སྨྱུང་གནས་སྲུང་བའི་དགེ་བསྙེན་དག་དགེ་བའི་ཉིང་ཁུ་སྒོར་མོ་རྙེད། །
ཅ་ནེའི་ཕོར་ཁ་རྩོད་པའི་ལས་ཁུངས་ན་བྱ་བའི་དོན་སྒོ་སྒོར་མོ་རྙེད། །
ཆ་བྱད་སྣ་ཚོགས་འཛོམས་པའི་གྲོང་ཁྱེར་ན་འཁོར་བའི་སྙིང་བོ་སྒོར་མོ་རྙེད། །
ཇ་ཆང་ཧབ་ཐོབ་བྱེད་པའི་མགོ་འདྲེན་པས་གསར་བརྗེའི་བདེན་དོན་སྒོར་མོ་རྙེད། །
ཉ་མོ་མགོ་བདེར་འཁྱུག་པའི་ཏང་ཡོན་དག་རྒྱང་རིང་དམིགས་འབེན་སྒོར་མོ་རྙེད། །
ཏ་ཐཱ་ག་ཏའི་བསྟན་བཤིག་ཟོག་པོ་ཚོ་སྒོར་མོ་ཡོད་ན་བསྟན་འཛིན་ཡིན། །
ཐ་སྙད་གཙུག་ལག་མི་ཤེས་བླུན་རྨོངས་པ་སྒོར་མོ་ཡོད་ན་དགེ་བཤེས་ཡིན། །
ད་ལྟ་རང་ངོ་མི་ཤེས་སྨྱོན་པ་དག་སྒོར་མོ་ཡོད་ན་གྲུབ་ཐོབ་ཡིན། །
ན་ནིང་རི་དྭགས་གསོད་པའི་རྔོན་པའང་སྒོར་མོ་ཡོད་ན་སྤྲུལ་སྐུ་ཡིན། །
ཏ་རིན་འཕོངས་ཚོས་ལྡག་པའི་ཐ་ཤལ་བ་སྒོར་མོ་ཡོད་ན་དབང་ཆ་ཡིན། །
ཐ་དད་སྐད་ཡིག་མི་ཤེས་ཚོང་འཁྱམ་ཚོ་སྒོར་མོ་ཡོད་ན་ལམ་ཡིག་ཡིན། །
ད་ནིང་བཙོན་ནས་བཏང་བའི་ཉེས་ཅན་རྣམས་སྒོར་མོ་ཡོད་ན་གཟི་བརྗིད་ཡིན། །
ན་ཚོད་ལང་ཚོ་ཡོལ་བའི་བགྲེས་པོའང་སྒོར་མོ་ཡོད་ན་ཕོ་གསར་ཡིན། །
པ་ཊུའི་ཁྲི་ལ་རྔམ་པའི་གཡོ་སྒྱུ་ཅན་མཁས་པའི་གྲགས་པ་སྒོར་གྱིས་ཉོས། །
ཕ་རོལ་ཐབས་ཀྱིས་བསླུ་བའི་ཚུལ་འཆོས་མཁན་བཙུན་པའི་སྙན་པ་སྒོར་གྱིས་བསླུ། །
བ་དན་རླུང་གིས་སྐྱོད་འདྲའི་ཅོལ་ཆུང་བ་བཟང་པོའི་ཡོན་ཏན་སྒོར་གྱིས་འགུགས། །
མ་རྒན་སེམས་ཅན་ཟེར་བའི་ཐུགས་བསྐྱེད་ཅན་སྙིང་རྗེའི་གཟིགས་ཡུལ་སྒོར་གྱིས་འབྱེད། །
པ་ཏྲའི་རིས་བཞིན་འཁྱོག་པའི་གཡོ་ཅན་ཚོས་མཐོན་པོའི་གོ་ས་སྒོར་གྱིས་ཉོ། །
ཕ་མེས་བརླ་རུས་རྡུང་བའི་རྐང་འདྲེན་དག་རང་རིགས་དབུ་འཕང་སྒོར་གྱི་དོན། །
བ་ལང་སུག་རྗེས་འབྲང་བའི་སོ་ནམ་པ་ལག་པའི་ཆུ་སེར་སྒོར་ལ་བརྗེ། །
མ་འབྲིའི་འོ་ཞོར་སྲེད་པའི་གནག་སྐྱོང་བ་རྐང་བའི་སེར་ཁ་སྒོར་གྱི་སླད། །
ཙ་རི་གནས་སྐོར་བྱེད་པའི་རྒྱལ་ཁམས་པ་སྒོར་མོ་མཐོང་ན་ཕྱིར་ལ་ལྡོག །
ཚ་གྲང་ཁྱད་དུ་གསོད་པའི་དཀའ་ཐུབ་པས་སྒོར་མོ་རྙེད་ཚེ་རང་མལ་སྙོག །
ཛ་ཡའི་དགོངས་དོན་དཔྱོད་པའི་ཐ་སྙད་པར་སྒོར་མོ་ཐོབ་ན་རིས་སུ་གཅོད། །
ཝ་མོ་གཟན་ལ་འདུར་འདྲའི་གྲོང་ཆོག་པ་སྒོར་མོ་མཐོང་ཚེ་འགྲམ་ཆུ་ལྡང༌། །
ཙ་ན་ཡིན་ཡང་འབད་པའི་སྔོན་ཐོན་པར་སྒོར་མོ་བསྟན་ན་གཉའ་བ་ལུགས། །
ཚ་གྲང་དཀའ་སྤྱད་མི་འདོད་རྗེས་ལུས་པར་སྒོར་མོ་བྱིན་ན་གོ་རྟོགས་སད། །
ཛ་དྲག་གཏུམ་པོར་སྤྱོད་པའི་ཁྲིམས་འཛིན་པར་སྒོར་མོ་བརྔན་ན་ཁྲིམས་ལུགས་སྤོང༌། །
ཝ་སྐྱེས་རུ་སྒོ་ཉུལ་འདྲའི་ཁྲལ་སྡུད་པར་སྒོར་མོ་ཐོབ་ན་རྩ་དོན་འདོར། །
ཞྭ་མདོག་དམར་སེར་རྩོད་པའི་བསྟན་འཛིན་པ་གྲུབ་མཐའི་ལ་རྒྱ་སྒོར་གྱིས་འཛིན། །
ཟ་འོག་མལ་དུ་གཟིམས་པའི་བླ་ཆེན་ཚོས་སྤྲུལ་སྐུའི་ཐུགས་ཐག་སྒོར་གྱིས་གཅོད། །
འ་འུར་མི་མགོ་སྐོར་བའི་ཟོག་པོ་དག་དགེ་འདུན་གྲལ་མགོ་སྒོར་གྱིས་འཛིན། །
ཡ་མཚན་སྤྱན་རས་སྒྱུར་བའི་ཕོ་འདེབ་ཚོས་གཤིན་པོའི་རྣམ་ཤེས་སྒོར་གྱིས་འདྲེན། །
ཞྭ་མོ་ཟུར་གྱོན་བྱེད་པའི་ཕོ་གསར་ཚོས་ལང་ཚོའི་རིན་ཐང་སྒོར་ལ་འཇལ། །
ཟ་ཚོད་སྣུམ་བག་སྤངས་པའི་གཞོན་ནུ་མས་མཛེས་སྡུག་འཕྱོར་སྒེག་སྒོར་གྱིས་ངོམ། །
འ་འུར་རྩེད་ར་འགྲིམ་པའི་བྱིས་པ་དག་མ་བཅོས་རྩེད་མོ་སྒོར་ལ་རྩེ། །
ཡ་གིའི་ཁྱིམ་ཕུག་ཉལ་བའི་བགྲེས་པོའང་མི་ཚེའི་ཕྱི་མིག་སྒོར་ལ་ལྟ། །
ར་བསྡུས་བསེ་བསྡུས་བརྩད་པའི་ཐ་མ་ལ་སྣང་སྲིད་ཆོས་ཅན་སྒོར་མོར་ཐལ། །
ལ་ལུང་ཕུག་པར་བསྒོམས་པའི་རྟིང་མ་རུ་ལྷ་ཞལ་མ་མཇལ་སྒོར་ཞལ་མཐོང༌། །
ཤ་ཐང་ངལ་བས་དཔྱད་པའི་མཐར་ཐུག་ལ་ཀ་བ་སྟོང་ཡང་སྒོར་མོ་སྣང༌། །
ས་བཅུ་ལམ་ལྔ་བསྟེན་པའི་ཐོག་མ་རུ་དང་པོར་བགྲོད་པ་སྒོར་གྱི་ས། །
ར་བཟང་ལུག་བཟང་བརྩད་པའི་ཐ་མ་ལ་ཅི་ཡང་མི་བཟང་སྒོར་མོ་བཟང༌། །
ལ་རྒྱ་མགོ་རྣ་བཟུང་བའི་མཐར་ཐུག་ལ་གང་ཡང་མི་ཟིན་སྒོར་མོ་ཟིན། །
ཤ་ཁྲག་གདོས་བཅས་ལུས་ལ་གྲུབ་ཟིན་ནས་ང་དང་ཁྱོད་ལ་ཁྱད་མི་འདུག །
ས་སྟེང་འདི་ན་འཚོ་བའི་སྐྱེ་བོ་དག་ཐམས་ཅད་འཚོ་བ་སྒོར་གྱི་དོན། །
ཧ་ལམ་དེ་ལྟར་ལགས་ཀྱང་ཆོས་པ་ཚོ་ཡོད་ཚད་དེ་འདྲ་ག་ལ་ཡིན། །
ཨ་ཅང་ཀུ་རེ་ཡིན་མོད་ཨ་ཁུ་རྣམས་ཕལ་ཆེར་དེ་ཚོད་ཡིན་པ་འདྲ། །
ཧ་ཅང་ཞིབ་མོར་དཔྱད་ན་ཁྱིམ་པ་ཚོ་འགའ་ཞིག་དེ་འདྲ་མིན་ལས་ཆེ། །
ཨ་མཚར་རྩེད་མོ་ལགས་ཀྱང་ཨ་རྩོམ་འདི་ཅུང་ཟད་བདེན་ཤས་ཆེ་ཡང་སྲིད། །
ཅེས་པའང་སྙུག་ཐོགས་པ་འཇུ་སྐལ་བཟང་དུ་འབོད་པས་ད་ལྟ་ཐམས་ཅད་སྒོར་མོ་སྒོར་མོ་ཟེར་བ་འདིས་ཡིད་སུན་ནས་ཁམས་དང་སྣང་བ་
མི་དྭངས་པའི་ཉིན་ཞིག་ལ་གནའ་མཁར་ཟི་ལི་གྲོང་གི་གྲུ་ག་ཞིག་ཏུ་ཤར་མར་བྲིས་པའོ། ། དགེའོ། །
རྩོམ་ཁུངས།