ཀ་ཕྲེང་ནོར་བུའི་དོ་ཤལ།
ཀ་ལི་སུམ་ཅུའི་སྦྱོར་བ་ལ་བརྩོན་ན་ཆུང་བྱིས་པ་ཡ་རབས་ཚོ།།
ལང་ཚོའི་མེ་ཏོག་འདི་ཡང་དོན་ལྡན་ཡོང་བའི་ཕུགས་བསམ་སྙིང་ལ་ཆོངས།།
ཁ་ལག་དུ་ཆང་སྤྱོད་པའི་ཀླད་མེད་དེང་དུས་ཕོ་གསར་མ་རབས་འགས།།
རིག་གནས་སློབ་གསོ་མ་ཤེས་མི་རབས་གསར་བར་འཇུག་པའི་བརྡོལ་གཏམ་སྨྲ།།
ག་སར་བཙན་པོས་ཤུལ་དུ་བཞག་པའི་མཛད་རྗེས་སྐྱོང་བའི་ཡ་རབས་ཚོ།།
བསིལ་ལྡན་མེས་པོའི་བྱུང་ཚུལ་ཟོལ་ཚིག་མ་ཡིན་བདེན་གཏམ་ཅོང་ཆེན་སྒྲོགས།།
ང་རྒྱལ་ཁེངས་དྲེགས་ཆེ་ལ་ཤེས་ཡོན་ནོར་གྱིས་དབུལ་བའི་མ་རབས་འགས།།
ཕྲག་དོག་གཡོ་སྒྱུས་ཕན་ཚུན་བར་ལ་དབྱེན་སྦྱོར་ཚིག་གི་མཆིལ་མ་འདེབས།།
ཅ་ཅོ་མེད་པའི་དད་ལྡན་མ་ཎི་ཕྲེང་ལ་བགྲང་བའི་རྒན་གཞོན་ཡ་རབས་ཚོ།།
ཕྱི་མ་ཐར་བ་བསམ་ན་ཡིག་དྲུགའདི་ལས་དགོས་མིན་དེ་ལ་བརྩོན།།
ཆ་ལུགས་སྣ་མང་བསྒྱུར་བའི་དུས་རབས་དགུ་བཅུའི་ན་གཞོན་མ་རབས་འགས།།
ཡབ་མེས་སྲོལ་རྒྱུན་དོར་ནས་སྔོན་ཐོན་ལམ་ཞུགས་རང་མཚང་ཕྱི་ལ་ངོམ།།
ཇ་ཐུག་དཀོར་ལ་མི་སྲེད་ཆོས་ལ་བརྩོན་པའི་ཁྲིམས་ལྡན་ཡ་རབས་ཚོ།།
ལྷག་བསམ་དར་དཀར་རིང་མོ་རིས་མེད་འགྲོ་བ་ཡོངས་ལ་གཅིག་ཏུ་ཕུལ།།
ཉ་མོ་ལྟོ་སྲེད་ཆང་ལ་སྤྱོད་པའི་རྒན་གཞོན་སྐྱེ་བོ་མ་རབས་འགས།།
ཟླ་ཕོག་ལེན་དུས་ཁ་ལག་གདངས་ལ་མི་རིགས་ལས་དོན་ཡེ་ནས་བོར།།
ཏ་ལའི་འདབ་ལྟར་རྣམ་དཔྱོད་རྒྱས་པའི་གཞན་ཕན་དགེ་རྒན་ཡ་རབས་ཚོ།།
མ་འོངས་གངས་ལྗོངས་གསར་བ་བསྐྲུན་ཕྱིར་བློ་གསལ་བྱིས་གཞོན་ཚོགས་རྣམས་སྐྱོངས།།
ཐ་སྙད་གཙུག་ལག་སློབ་པར་རི་འདོད་དེང་རབས་ན་གཞོན་མ་རབས་འགས།།
རང་བློས་ཡིག་རྨོངས་ཞྭ་ཆེན་གྱོན་ཏེ་དཀའ་ངལ་མ་ཤེས་བླུན་རྟགས་སྟོན།།
ད་ལྟ་བསིལ་ལྡན་ལྗོངས་ན་གྲགས་པའི་བོད་རིགས་སྤུན་ཟླ་ཡ་རབས་ཚོ།།
མེས་དབོན་རྣམ་པས་ཤུལ་བཞགས་རིག་གཞུང་སློབ་ལ་ཡིག་རྨོངས་དཔུང་ཚོགས་ཆོམས།།
ན་ཚོད་ཡོལ་ཀྱང་མི་རིགས་ལས་དོན་མི་སེམས་སྐྱེ་བོ་མ་རབས་འགས།།
རང་འཕོངས་བརྟན་ཕྱིར་མཐོན་པོའི་དཔོན་ལ་ནོར་གྱིས་ངོ་འཛིན་བྱེད་དུ་རྒྱུག།
པ་ཊུའི་ཁྲི་ན་ལེགས་བཤད་གཏམ་བཟང་སྒྲོག་པའི་བླ་དཔོན་ཡ་རབས་ཚོ།།
འབངས་ལ་ཁ་ཡག་ངོ་དགའི་འཛུམ་ཞལ་མ་སྟོན་སེམས་ཀྱིས་སློབ་གསོ་མཛོད།།
ཕ་མའི་དཀའ་དྲིན་མ་ཚོར་ཕ་མར་རྒོལ་བའི་ཕོ་གཞོན་མ་རབས་འགས།།
ངན་དགུ་བརྩིས་ཏེ་ཐ་མ་ཕ་མ་ཁྱིམ་ནས་སྤྲང་པོའི་གནས་སུ་སྤྲད།།
བ་སོ་ལྟར་དཀར་དྲུག་པ་ལྷག་བསམ་མངའ་བའི་དཔྱོད་ལྡན་ཡ་རབས་ཚོ།།
མི་རིགས་རྗེས་ལུས་འཕྲང་ལས་ལྡོག་པའི་ཐབས་བརྒྱ་ཇི་སྙེད་ཅིག་ཚོལ་ཅིག།
མ་བརྟག་མ་དཔྱད་རྩོམ་པའི་མིང་ལ་གཉེར་བའི་མགོ་སྟོང་མ་རབས་འགས།།
འགལ་དང་འཁྲུལ་བའི་རྩོམ་གྱིས་དྭངས་གསལ་རིག་གཞུང་ཆུ་གཏེར་རྙོག་པར་བྱེད།།
ཙ་ན་ཡིན་ཡང་ཐོས་བསམ་སྒོམ་སྒྲུབ་གནང་བའི་གཉིས་སྐྱེས་ཡ་རབས་ཚོ།།
རྒྱལ་བསྟན་སྙིང་བོ་བཤད་སྒྲུབ་ཆོས་ཀྱི་གདུགས་དཀར་མ་ནུབ་དགོང་དུ་ཐེགས༌།།
ཚ་གྲང་ལྟོགས་སྐོམ་བཟོད་དེ་ཆོས་ལ་མི་བརྩོན་བན་དེ་མ་རབས་འགས།།
གང་སར་ཕྱིན་ནས་ཅི་བསམ་མེད་པར་བསྟན་དང་སྟོན་པའི་ཞབས་འདྲེན་བྱེད།།
ཛ་ལང་བརྟུལ་ཞུགས་བཟུང་སྟེ་བདེ་འཇགས་བསྲུང་བའི་ཁྲིམས་འཛིན་ཡ་རབས་ཚོ།།
ལས་འབྲས་དྲང་ཐིག་དེད་ནས་ཉེས་ཅན་གཏེ་བོ་ཁྲིམས་ཀྱི་སྒོ་ལ་ཕོབས།།
ཝ་ལྟར་ལ་ལུང་ས་མཐར་འཁྱམས་པའི་གྲོང་ཆོག་མཁན་པོ་མ་རབས་འགས།
དང་བོ་ཨ་མཆོད་བྱ་ཞིང་ཐ་མ་རྐུན་མའི་ཆོ་ལོ་བླངས་ནས་འགྲོ།།
ཞྭ་ལྟར་གཙུག་ཏུ་བཀུར་བའི་མཁས་དབང་སྐད་གཉིས་སྨྲ་བ་ཡ་རབས་ཚོ།།
ངོ་མཚར་རིག་གནས་སློབ་གསོ་དར་ཕྱིར་ལེགས་རྩོམ་སྦྲང་ཆར་དལ་གྱིས་ཕོབ།།
ཟ་འདོད་ཙམ་ལས་ཕུགས་བསམ་བྲལ་བའི་ཡིག་རྨོངས་སྐྱེ་བོ་མ་རབས་འགས།།
བཟའ་བཏུང་ཙམ་གྱིས་མི་ཚེ་བརླག་པ་དལ་འབྱོར་ཐོབ་པའི་དོན་སྙིང་མིན།།
འ་འུར་རྣམ་གཡེང་སྤངས་ཏེ་སློབ་གྲྭར་འགྲིམ་པའི་བློ་གསལ་ཡ་རབས་ཚོ།།
དུས་འདིར་གནས་ལྔ་རིག་པར་བསླབས་ནས་མི་ལུས་ཐོབ་པའི་དོན་སྙིང་ལོངས།།
ཡ་མཚན་ཡང་དག་ལོ་རྒྱུས་རྒྱབ་ཏུ་དོར་བའི་མཁས་རློམ་མ་རབས་འགས།།
མཐོན་པོའི་གོ་གསན་ཐོབ་ཕྱིར་འཁྱོག་པོའི་ཟོལ་སྦྱོར་གཏམ་གྱིས་ངོ་འཛིན་བྱེད།།
རྭ་བསྡུས་བསེ་བསྡུས་བརྩད་དེ་རིགས་ལམ་སྦྱོང་བའི་བཙུན་པ་ཡ་རབས་ཚོ།།
བརྩད་པའི་སྙིང་བོ་འཁོར་བ་མ་ཡིན་བདེན་མེད་རྟོགས་པའི་ཤེས་རབ་ཚོལ།།
ལ་དང་ལུང་བའི་ཉིན་སྲིབ་བརྩད་དེ་ནང་འཁྲུག་རྒྱག་པའི་མ་རབས་འགས།།
རང་གི་དཔའ་རྩལ་ངོམ་ལུགས་འདི་འདྲ་ཡིན་ཞེས་སྤུན་ཟླའི་ནང་དུ་སྡང༌།།
ཤ་རུས་རྒྱུད་པ་གཅིག་ཏུ་གྱུར་པའི་བོད་རིགས་སྤུན་ཟླ་ཡ་རབས་ཚོ།།
མདོ་དབུས་ཁམས་གསུམ་རོང་འབྲོག་གནས་ཀྱི་ལ་རྒྱ་མ་རྩོད་གཅིག་གྱུར་མཛོད།།
ས་སྟེང་མི་རུ་སྐྱེས་ཀྱང་མི་ཚེ་དོན་མེད་གཏོང་བའི་མ་རབས་འགས།།
རྒྱལ་དང་རྐུ་ཡིས་མི་ཚེ་ཟད་དེ་འཇིག་རྟེན་ཕྱི་མར་སྟོང་བས་བགྲོད།།
ཧ་ཅང་ཁོམ་པ་མེད་པའི་འཇིག་རྟེན་འདི་རུ་སྐྱེས་པའི་ཉིན་མོ་ནས།།
ཨཱ་ལི་ཀཱ་ལའི་ཕྲེང་ལ་འཇུས་ནས་དལ་འབྱོར་ཐོབ་པ་དོན་ལྡན་བྱོས།།
བདག་བློའི་ཤིང་རྟར་དྲངས་པའི་ཡང་དག་གཏམ་གྱི་ཀ་ཕྲང་ནོར་འདི་ཡང༌།།
མཐོང་ཐོས་རྟོགས་པ་བཀོད་པ་ཡིན་གྱི་སྒྲོ་སྐུར་གོས་ཀྱིས་བཀླུབས་པ་མིན།།
ཕན་སེམས་འདུན་པས་སྐུལ་མ་ཡིན་གྱི་གྲགས་པའི་མིང་ལ་སྙེག་པ་མིན།།
དྲང་གཏམ་ནོར་བུའི་ཕྲང་བ་ཡིན་གྱི་དབེན་སྦྱོར་ཕྲ་ཚིག་བརྗོད་པ་མིན།།
རང་བློ་ཤེས་བྱར་འཇུག་པ་ཡིན་གྱི་མཁས་པའི་སྟེགས་བུ་བསྟེན་པ་མིན།།
རྩོམ་གྱི་རིག་པ་སྦྱངས་པ་ཡིན་གྱི་སྒོར་མོའི་ངོ་འཛིན་བྱེད་པ་མིན།།
རྩོམ་ཁུངས། རྨ་ཆུའི་སྙན་ངག