སྐད་ཅིག་གི་འཇའ་ཚོན།
ང་ཡི་ཆུང་འདྲིས་བྱམས་པ།།
རྨི་ལམ་ནང་གི་ལྷ་མོ།།
སྙིང་གིགཏམ་མ་བཤད་གོང་ནས།།
སྤྲིན་པའི་གསེབ་ལ་འཕུར་སོང༌།།
འབྲས་ལྡན་ཁམ་སྡོང་འདྲ་བའི།།
བདག་གཅེས་ཁྱོད་ལ་ཞུས་ཀྱང༌།།
ལས་འཕྲོའི་མེ་ཏོག་སོས་པ།།
སད་དང་སེར་བས་འཁྱེར་སོང༌།།
མཛེས་པའི་སྐར་མ་སྨིན་དྲུག།
འཛིན་འདོད་བློ་ལ་ཡོད་ཀྱང༌།།
གནམ་ལ་སྐས་འཛེགས་འཛུགས་པའི།།
ཐབས་ཤེས་ང་ལ་མི་འདུག།
གསར་གྲོགས་བྱམས་པའི་བརྩེ་དུང༌།།
ཕ་རིའི་སྤང་རྒྱན་མེ་ཏོག།
ཞག་གསུམ་ཁ་འབྲས་མཚར་ནས།།
ནམ་མཁའི་འཇའ་ལྟར་ཡལ་སོང༌།།
རྩོམ་ཁུངས། ཡར་ཀླུང་གླུ་གསར།