བྱེ་ཐང་གི་རྔ་ཁྱུའི་གླུ་དབྱངས།
(ཚན་པ་གཉིས)
རྔམ་གནག་བྱེ་རླུང་འཚུབ་མར་འཁོར་ཀྱང་ལ་རྒྱའི་འཇིང་བ་གྱེན་དུ་འདེགས།།
ཚ་གདུང་སྨུག་རྒྱུས་འདྲེན་བྱེད་འཕྲོག་ཀྱང་ཆུ་ལ་འཁྲུལ་བའི་རེ་བ་ཅི།།
འོན་ཀྱང་གཡོ་མེད་སེམས་ལ་བཙུགས་པའི་མེས་བོ་དག་གི་ཞལ་ཆེམས་ནི།།
བགྲོད་བྱེད་རྐང་བས་བྱེ་ཀློང་བརྟོལ་དེ་ལམ་ཞིག་འཚོལ་བའི་བློ་སྤོབས་ཡིན།།
མཐའ་མེད་བྱེ་མའི་ཐང་ཆེན་འདི་ཉིད་ནམ་ཞིག་སྔོ་ལྗང་ཚལ་དུ་འགྱུར།།
བདག་གི་མགོ་བོ་མཁའ་ལ་བསྲིངས་བ་རྒྱུ་སྐར་འཐུ་བའི་ཧམ་སེམས་མིན།།
བརྩོན་སེམས་རྐང་རྗེས་ཁམ་གིས་ཟ་བའི་རླུང་ལ་རྒོལ་བའི་བརྡ་ཐབས་ཙམ།།
བྱང་ཐང་གི་རྟ་ཁྱུའི་རྨིག་སྒྲ།
མཚམས་སྤྲིན་ཚོམ་བུ་རླུང་གིས་བསྐྱོད་ལྟའི་སྤོབས་པའི་རྔོག་མ་མཁའ་ལ་གཡོ།།
ལ་རྒྱའི་རྨིག་རྗེས་བསྣུན་པའི་མ་བཟོད་དབྱིག་འཛིན་ལྟོ་བ་འདར་བར་རྩོམ།།
སྙིང་གི་ན་ཟུག་དབྱིངས་སུ་འཁྲོལ་བའི་ལྷང་ལྷང་འཚེར་སྐད་སྒྲོག་བཞིན་དུ།།
མེས་བོའི་བྱང་ཐང་འཕྲེད་དུ་གཅོད་པ་བློ་སྤོབས་བརླིང་བའི་རྟ་ཁྱུ་ཉིད།།
ས་རྡུལ་སྐྱ་མོའི་རྨི་ལམ་འཇིངས་སུ་རྟོགས་སད་རེ་བཞག་ཡོད་པར་ངེས།།
སྨད་ཕྱོགས་རྒྱ་ཞིང་གྲུ་བཞིའི་ཚལ་དུ་སྨོན་པའི་བསིལ་ཆར་མ་གཏོར་དང་།།
ཨ་ཕས་གནང་བའི་བྱང་ཐང་འདི་ཉིད་སྔོ་ལྗང་མྱུ་གུས་ཁེངས་བར་རྩོམ།།
རྩོམ་ཁུངས། ༢༠༠༩ལོའི་འོད་འབར།