གནམ་འོག་བསླུ་བྲིད་ཀྱི་འཇིག་རྟེན།
ཕ་སེམས་བུ་ལ་འཁྲེང་ནས་ཡོད་ཚད་སྦྱིན།།
བུ་སེམས་སྒོར་ལ་ཆགས་ནས་ཝ་རྗེས་འབྲངས།།
གནམ་འོག་བསླུ་བྲིད་ཐེབས་པའི་འཇིག་རྟེན་ནས།།
མ་བཟོད་སྡུག་གི་སྨྲེ་ངག་སུ་ལ་འདོན།།
དཔོན་པོ་རྒྱུ་ནོར་མཐོང་ནས་འཚང་ཁ་བསྒྲིགས།།
སྤྲང་བོས་གཞན་ངོ་འཚོས་ནས་མཐེ་བོང་བསྒྲེངས།།
བཙན་པོའི་དཔའ་ཉམས་བསྟན་ནས་རྒྱལ་ཁ་ལེན།།
འཁོར་བའི་གྲོང་ན་རྫོགས་མེད་ལྟད་མོ་མང་།།
ནང་གི་གསང་བ་ཕྱི་ཡི་མི་ཁས་དཀྲིགས།།
དམ་པའི་ལྷ་ཆོས་དྭངས་མོ་རྫུན་པར་སེམས།།
གནས་ལུགས་མགོ་རྔ་ལྡོག་པའི་ལྟ་ངན་འདིས།།
མི་ཚེའི་རིན་ཐང་གད་སྙིགས་གནས་སུ་འཇོག།
ཡོད་ན་ཡོད་ཚད་གཏོང་བའི་བསམ་བློ་མེད།།
མེད་ན་མེད་མུག་འདོན་པའི་སྟོབས་ཤུགས་ཡོད།།
ཡོད་མེད་ཀུན་ཀྱང་ལུས་ཀྱིས་མི་བཟོད་པའི།།
འཇིག་རྟེན་འཁོར་བའི་སྣང་ཚུལ་འདི་ལྟར་གྲུབ།།
རྩོམ་ཁུངས། ༢༠༠༩ལོའི་འོད་འབར།