ཟླ་ངོགས་ཀྱི་ཕྱིར་དྲན།
དོ་ནུབ་མཁའ་ཡི་ཟླ་བ་སྒོར་ཞིང་གསལ།།
རྒྱུ་སྐར་དག་ཀྱང་འོད་ཀྱི་ལང་ཚོས་སྒེག།
གསལ་དྭངས་སྒེའུ་ཁུང་ཁོ་ནའི་འཛུམ་ཆུང་ལས།།
བསིལ་འཇམ་རླུང་བུའི་དུངས་ཤ་སྙིང་ལ་འདེབས།།
བདུད་རྩིའི་ཟེར་གྱིས་བྱུགས་པའི་ཕྱི་རོལ་ལྗོངས།།
གཡེར་ཁའི་རོལ་དབྱངས་ཁྲོད་ན་དབེན་ཞིང་འཇགས།།
གློ་བུར་སུ་ཞིག་དྲན་པའི་སྐྱོ་གདུང་གིས།།
སྙིང་གི་རི་ལ་ཁ་བའི་འདབ་མ་འཐོར།།
ཕྱི་རོལ་འགྲིམ་པའི་འདུན་པ་རྨང་ནས་འགག།
དྲོད་འཇམ་མལ་སྟན་ཚེར་མའི་གཟེངས་སུ་མཐོང་།།
ལྷན་ཅིག་ཟླ་བར་ཅེར་བའི་ཉམས་སྣང་གིས།།
མཇལ་འཛོམས་སྨོན་ཚིག་སྙིང་ལ་ཡང་ཡང་བྲིས།།
དུས་དང་ཡུལ་གྱིས་བསྐལ་བར་མ་གྱུར་ཡང་།།
ཁྱོད་ཀྱིས་སྙིང་ལ་རླངས་པའི་བྲེད་ཤ་འདིས།།
སེམས་ཀྱི་ཐབ་རྩར་བསྙལ་བའི་ཚིག་འབྲུའི་ཞོ།།
མགྲིན་པར་བརྒྱུད་པའི་སྤོབས་པ་བག་ལ་ཞ།།
རེ་སྒུག་སྙིམ་པར་བཏུས་པའི་ལང་ཚོའི་ཆུ།།
ལོ་ཟླའི་མཛུབ་མོའི་གསེབ་ལས་བརྡོལ་ན་ཡང་།།
ནམ་རྒྱུན་རྒྱབ་ཏུ་དཔྱངས་པའི་སྐྲ་ལོའི་དར།།
ཕྱིར་དྲན་ཀློང་ན་རླུང་བུས་ཡང་ཡང་བྱེར།།
འདོད་འདུན་ཕྱེ་མར་བཏབ་པའི་འཆིང་བུ་ལ།།
སྲ་བརྟན་རེ་བ་གཞར་ཡང་དམིགས་མེད་པས།།
རྫ་ཆབ་གཅིག་ལ་འཐུང་བའི་དུས་ཀྱི་རྒྱུན།།
ཚེ་འདིར་བརྗེད་དུ་མེད་པའི་བརྩེ་དུངས་ཡིན།།
རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག