བསམ་གཞིག་ལས་ཤོར་བའི་སྙིང་གཏམ།
མཐའ་མེད་སྲིད་ཞིའི་མཛེས་སྡུག་འོད་དཀར་གྱི་ཕྲེང་བ།།
ཡིད་འཕྲོག་ལང་ཚོ་གཅིག་གི་སྙིང་བོ་རུ་སྨིན་པ།།
རྒྱལ་ཀུན་གསུང་དབྱངས་བྱེ་བའི་གར་མཁན་གྱི་བདག་མོ།།
ལྷ་ཆེན་ཚངས་སྲས་བུ་མོར་གུས་ཕྱག་ཅིག་བཏང་སྟེ།།
མཐོ་བ་གནམ་གྱི་རྒྱལ་མོའི་བཀའ་ལུང་གི་འོག་ནས།།
དམའ་བ་འཁོར་བར་འགྲིམ་པའི་རྣམ་ཤེས་ཀྱི་བུ་མོས།།
ཡང་དག་བདེན་པ་འཚོལ་བའི་གནས་ལུགས་ཀྱི་གདམས་ངག།
རིག་བྱེད་ཚིག་གི་ཕྲེང་བས་སྙིང་གཏམ་དུ་བྱའོ།།
འདོད་ཡོན་སྲིད་པའི་ཕུན་ཚོགས་རྣམ་རྟོག་གིས་བཞེངས་ཤིང་།།
ཤེས་རིག་གསར་བའི་ལང་ཚོ་རྨི་ལམ་གྱིས་འཚོལ་བའི།།
ཉམ་ཐག་བོད་པའི་ལས་དབང་གླེང་བ་ལ་ཕྱོགས་ཚེ།།
ཅིས་ཀྱང་འགོག་ཐབས་མེད་པའི་མིག་ཆུ་ཞིག་བརྡོལ་བྱུང་།།
བརྡ་འཕྲིན་ཉི་མའི་འོད་རླབས་ཕྱོགས་བཞི་ལ་འཕྲོས་ནས།།
ཡོད་ཚད་འཕྲུལ་གྱིས་འདྲེན་པའི་རྫོགས་ལྡན་གྱི་དུས་འདིར།།
ད་དུང་འོད་ཀྱིས་དབེན་པའི་མུན་ནག་གི་ཞིང་ནས།།
རེ་འདུན་གནམ་ལ་བཅོལ་བའི་ངང་ཚུལ་འདི་སྐྱོ་བ།།
སྣ་ཚོགས་འཕོ་འགྱུར་སྟོང་གི་རོལ་རྩེད་ལས་བྱུང་བའི།།
ཕྱི་གླིང་རིག་པའི་མཛེས་པ་མིག་ལམ་ལ་ཤར་ཚེ།།
སྙིང་སྟོབས་རྡོ་རྗེའི་ར་བའི་གུར་ཁང་གི་གཞི་ནས།།
ཁྲི་ཕྲག་རིག་པའི་རྩེ་མོར་གཤོག་རྩལ་གྱིའ་འཕུར་འདོད།།
རྣམ་ཤེས་རྙིང་བ་ཞིག་གི་སྲོག་ཤིང་ལ་འཇུས་ནས།།
ཚན་རྩལ་རིག་པའི་མེ་ཏོག་མ་མཐོང་གི་གྲོགས་པོ།།
གནའ་བོའི་རི་ལུང་སྐྱོང་བའི་གླེན་རྟགས་དེ་སྐྱུར་ལ།།
ཤེས་རིག་རྒྱལ་ཁམས་བསྐྱོད་པའི་སྟ་གོན་ལ་རེམ་ཞིག།
དོན་གྱི་སྙིང་བོས་དབེན་པའི་སྣང་སྟོང་གི་ཁྲོད་ན།།
སྟེས་དབང་ལྷ་ལ་སྒུག་པའི་རིགས་མཐུན་གྱི་སྤུན་ཟླ།།
དམིགས་འདུན་རླུང་ལ་བསྐུར་བའི་འཁྲུལ་ཤེས་ཀྱི་གསེབ་ན།།
གང་ཡང་ཐོབ་ཏུ་མེད་པ་བསམ་གཞིག་གིས་རྙེད་བྱུང་།།
ཕུན་ཚོགས་འབྱོར་བ་དར་བའི་འཇའ་གུར་གྱི་ཀློང་ན།།
བདུད་ཀྱི་བུ་མོས་བཟུང་བའི་ལྟ་བ་ཡི་བུ་ཆུང་།།
དངོས་ཡོད་ཁོ་ནར་ཞེན་པའི་ངང་ཚུལ་ལ་གཞིགས་ན།།
ལྔ་རིག་བླ་སྲོག་འཇིགས་པའི་ཉེན་ཁ་ལ་སྐྱོ་བྱུང་།།
གངས་རིའི་རྣམ་ཤེས་རུམ་པའི་སྟག་ཤར་གྱི་གཞོན་ནུ།།
ཟུར་གསུམ་སྙིང་གི་འཕར་རྩ་མཆོང་ལྡིང་གིས་རྩེན་པ།།
ཆོལ་གསུམ་ཞི་བདེ་འབོད་པའི་གཡབ་མོ་རང་ཡིན་ན།།
བཅུ་ཕྲག་རིག་པའི་དོ་ཤལ་མཛེས་རྒྱན་དུ་བཞེས་ཤིག།
རྙིང་བ་ཐམས་ཅད་མ་འཛིན་སྲོལ་རྒྱུན་གྱི་ལྟ་བ།།
གསར་པ་ཁོ་ནར་མ་ཞེན་རང་རབས་ཀྱི་དགའ་ཕྱོགས།།
གང་ཞིག་གང་ལ་འབྲེལ་བའི་ལེགས་ཉེས་ཀྱི་དབྱེ་བ།།
མི་བསླུ་འཁྲུལ་བ་བྲལ་བའི་ཚད་མ་ཡིས་ཕྱེས་ཤིག།
བྱེད་པོ་གང་གིས་བསྡུས་པའི་འཇིག་རྟེན་གྱི་འཁོར་བ།།
སུས་ཀྱང་བསྒྱུར་དུ་མེད་པའི་མག་མོག་གིས་བཟུང་བས།།
དར་དང་རྒུད་པའི་གཞུང་ལམ་གང་ཞིག་ལ་འཕྲད་ཀྱང་།།
རང་ཚུགས་རྡོ་རྗེའི་བྲག་གི་གཟི་བརྗིད་དེ་མ་ཤོར།།
རྣམ་དག་ཟུངས་ཁྲག་དྲོན་མོའི་ཁོང་གསེང་ལས་ཤོར་བའི།།
རིགས་ཞེན་མཚོ་མོ་འཕྱུར་བའི་ང་རོ་ཡི་རླབས་སྒྲ།།
ཁ་བའི་རྨི་ལམ་སད་པའི་མཐུན་རྐྱེན་དུ་འགྱུར་ན།།
གནམ་འདེགས་གངས་དཀར་རི་བོ་གཟི་བྱིན་གྱིས་མཚར་ངེས།།
ཟླུམ་གཟུགས་གོ་ལ་ཡོངས་པོའི་གཞིས་ཁྱིམ་གྱི་ར་བར།།
ཞི་བདེ་ཉི་མ་བྱེ་བའི་འོད་ཟེར་དེ་འཕྲོས་ནས།།
སྣ་ཚོགས་མི་རིགས་བྱེ་བའི་མཐུན་སྒྲིལ་གྱི་གཞི་མར།།
རྣམ་ཀུན་འགྱུར་བ་མེད་པའི་མཛའ་བརྩེ་ཞིག་ཆགས་ན།།
དེ་སྐད་དུ་ཡང་བཙན་པོའི་གདུང་རྒྱུད་ཀྱི་རིགས་ལས།།
ཚེ་སྲོག་གསོན་པོ་རྙེད་པའི་སྙན་ངག་གི་རྒྱལ་སྲས།།
གཞོན་ནུ་སྤྲིན་མིང་འཛིན་པའི་བསམ་བཞིག་གི་ཁྲོད་ནས།།
སྙིང་གཏམ་སྙིང་གི་ཕྱེད་ཀ་ཐོལ་བྱུང་དུ་ཤོང་སོང་།།
རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག