རྗེས་དྲན་རིན་ཆེན་གདུ་བུ།
ཀ་ཅ་དགའ་མའི་ལང་ཚོས་མ་བསླུས་ས་ཡ་གསུམ་ལ་དམིགས་པའི་བུས།།
ཁ་བའི་རྡུལ་མང་མཐོ་རུ་བརྩེགས་པའི་གངས་རི་ལྷ་མོའི་ཐོད་དབྱིངས་སུ།།
ག་ལེར་རྒྱུ་བའི་སྣང་བྱེད་དབང་བོའི་མཚུངས་མེད་དྲག་པོའི་རྒྱལ་མཚན་རྩེར།།
ངག་རིག་རི་མོས་ལེགས་སྤུད་དེབ་ཐེར་དཀར་པོའི་གསེར་ཏོག་བཀོད་པ་དྲན།།
ཅལ་འདྲོགས་ཕྱིས་འབྲང་སྐྱོན་གྱིས་མ་གོས་དྲང་བདེན་བསྐྱངས་པའི་དཔའ་རྒོད་ཀྱིས།།
ཆ་མེད་ཡུལ་ཉུལ་ཁོ་ན་མ་བསམ་བོད་པར་སྲི་ཞུ་བསྒྲུབ་སླད་དུ།།
ཇ་ཐུད་མངར་མོ་ཆོག་ཤེས་བསྟེན་ཏེ་ཞབས་རྡུལ་གསེར་འཁོར་སྒྱུར་དྲགས་པས།།
ཉ་གང་ཟླ་འདྲའི་འཛུམ་ཞལ་གདོང་ལ་སྐྱོ་མདངས་ཆགས་པ་སྙིང་ནས་དྲན།།
ཏྰ་རེ་བརྩེ་ཆེན་སྤྱན་གྱི་འོད་ཞགས་འབུམ་ཕྲག་ཅིག་ཅར་གཡོ་བ་ཡིས།།
ཐ་ཞན་རྣམ་པའི་ཚུལ་འཛིན་གཟུགས་སྐུའི་པད་ལྗོན་བཅིངས་པའི་ལང་ཚོའི་དཔལ།།
ད་ཆས་སྔོན་གྱི་བློན་པོ་ཀ་ཟུར་ཟུང་གི་མིག་ལ་མ་མཛེས་སྟབས།།
ན་རག་དམྱལ་བར་མཚུངས་པའི་བཙོན་དུ་བཅུག་ནས་སྨྱོན་པར་བཟོས་པ་དྲན།།
པ་སངས་ལྷག་བསམ་རྣལ་མ་མཆོག་དང་སྐྱེ་སྟོབས་བློ་རིག་འབར་བའི་མཐུས།།
ཕས་རྒོད་ཀུན་མཁྱེན་བླ་མའི་ཡིག་ཆར་དགག་གཞག་མཚོན་ཆས་མང་སྤྲས་པས།།
བལ་ལྡན་ལྟ་བུའི་མཁས་རློམ་འགའ་ཡིས་སངྒ་ངྷརྨ་ཁོང་ཚང་ལ།།
མ་རུང་དགྲ་བོར་འཕྲད་པའི་ངང་ཚུལ་རྟག་ཏུ་བཟུང་བའི་སྡོང་སྐམ་དྲན།།
ཙ་ཀ་ལི་ཡི་རྐང་པའི་ཟློས་གར་བསྒྱུར་མཁས་གངས་རིའི་དགེ་ཆོས་ཀྱིས།།
ཚ་གྲང་དཀའ་བརྒྱ་གདོང་གིས་བསུས་ཏེ་ཀླུ་སྒྲུབ་དགོངས་རྒྱན་ལེགས་མཛད་པས།།
ཛམ་གླིང་ཁྱིམ་གཞི་ཡངས་པོར་གནས་བཅས་ཟླ་བྲལ་མཛངས་པ་བསྟར་བ་ལ།།
ཝ་ལེར་འཆར་བའི་བསམ་གཞིག་སྦྱིན་པའི་གཤིས་འཇམ་ངང་བ་དཀར་པོ་དྲན།།
ཞྭ་སེར་བསྟན་བརྒྱུད་རབ་ཏུ་འཛིན་པའི་བླ་བྲང་བཀྲ་ཤིས་འཁྱིལ་བ་ཡི།།
ཟ་རྒྱུ་འཐུང་རྒྱུར་ལེགས་པར་སྦྱོང་འགས་དངོས་སུ་བསྒྲུན་པར་མ་ནུས་པས།།
འ་ཆད་འུ་ཐུག་ཚིག་རྩུབ་མདའ་མོ་ཚོད་མེད་སྟེང་དུ་འཕངས་ནའང་།།
ཡ་མཚན་སྙིང་རྗེ་དམར་པོའི་མེ་ཏོག་ཁོང་ན་འཛུམ་པའི་རྒྱལ་སྲས་དྲན།།
ར་ལྟར་གྱོང་བའི་སེམས་རྒྱུད་སྤངས་ཏེ་སྙིང་སྟོབས་གོ་ཆ་བགོས་པ་ཡིས།།
ལ་ཁྱི་གཅན་གཟན་སོགས་ཀྱི་འཇིགས་པར་མ་འཛེམ་རི་དྭགས་བཞིན་འཁྱམས་པ།།
ཤ་དང་རུས་པའི་མཆེད་ཁུངས་གཅིག་པུ་ཞོ་འོང་ཕྱོགས་ནས་ཐོས་པའི་མོད།།
ས་ཡི་མི་གཙང་མུན་པའི་དོང་དུ་ལྷུང་འདྲའི་གདུང་བ་སྐྱེས་པ་དྲན།།
ཧ་ལོ་མ་ལོའི་གཅེས་ཕྲུག་དོན་ལྡན་རྡོ་བྲག་སྤྲུལ་སྐུ་རིན་པོ་ཆེ།།
ཨ་རག་ཆང་གིས་ལྔ་བའི་ལམ་དུ་བསྐྱལ་བའི་ཚུལ་ཉིད་དྲན་མི་བཟོད།།
རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག